རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 8 July 2021

མཆོད་སྤྲིན་རྒྱ་མཚོའི་རླབས་ཕྲེང་། [ཚན་པ་ལྔ་པ།]

༈ ༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག དགུང་གྲངས་གྱ་དྲུག་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོར། བཀྲ་ཤིས་རྟེན་འབྲེལ་དང་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་དམིགས་ཏེ་བརྩམས་པར་མཛད་པའི། སྙན་རྩོམ་ཕྱོགས་བསྒྲིགས་མཆོད་སྤྲིན་རྒྱ་མཚོའི་རླབས་ཕྲེང་ཞེས་བྱ་བ་ལས། སྔ་འགྱུར་བའི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་གླིང་གི་དགེ་སློབ་རྣམ་པས་བརྩམས་པའི་སྙན་རྩོམ་ཁག

༡. ཚིག་རྐང་ ༨༦ ཅན་གྱི་འཁྲུངས་སྐར་སྤྲི་གོར།
ལྷོ་གོ་ཆའམ་ཀུན་བཟང་ཉི་མ། ལོ་རིམ་བཞི་པ།

སྟག་མཚེར་ཡུལ་དུ་སྐུ་ཡི་འདབ་མ་གྲོལ།།
བོད་ཡུལ་ཆོས་ལྡན་ཞིང་གི་ལྷ་སྐལ་ཤར།།
གཞིས་བྱེས་གཉིས་ཀྱི་དད་པའི་རྟེན་གཅིག་པུ།།
ཁྱེད་ཉིད་འཁྲུངས་པ་ང་ཚོ་བསོད་ནམས་ཆེ།།
ཆེ་བའི་ཡོན་ཏན་གྲངས་ཀྱིས་མི་དཔོག་ལ།།
མཛད་པའི་ཕྲིན་ལས་ངག་གིས་མི་ཁྲོལ་མོད།།
མི་རིགས་ཕྲེང་བ་ཅན་པོ་འདི་བསམ་ནས།།
བརྒྱད་ཅུ་གྱ་དྲུག་བར་དུ་ཡོང་བ་འདི།།
སུས་ཀྱང་བསམ་ན་དྲིན་ལ་ཚད་ཅིག་མེད།།
ཕལ་བའི་མི་ཡིས་བརྗོད་བྱའི་ཡུལ་ཞིག་མིན།།

དགྲ་དང་གཉེན་གྱི་ས་མཚམས་རིང་དུ་སྤངས།།
བྱམས་པའི་ཟེགས་མས་ཞི་བའི་ཐུགས་རྒྱུད་བརླན།།
བརྙས་བཅོས་མདའ་མོ་ཚོན་གྱིས་རྒོལ་བ་ལ།།
ལྷོད་ཅིང་ལྷོད་པའི་ཞི་བའི་ཐབས་ལམ་གྱིས།།
ཐ་མ་ཁ་བའི་འདས་མ་ད་གསུམ་ཆེད།།
ཧི་མཱ་ལ་ཡའི་ཕ་མཐའ་ཧྲིལ་གྱིས་བཅད།།
གནམ་ས་གཉིས་ལས་ཤེས་པའི་གྲོགས་ཤིག་མེད།།
བས་མཐའི་ཡུལ་གྱར་པ་ཡི་འཚོ་བ་འདི།།
ཁྱེད་ལ་མཚོན་ན་ཉམས་ལེན་ཐེངས་ཤིག་ཡིན།།
བོད་ལ་མཚོན་ན་གསོན་པའི་སྔ་ལྟས་ཡིན།།
ཡང་ཡང་བསམ་ན་མིག་ཆུའི་གཏམ་རྒྱུད་ཡིན།།
ཞིབ་ཏུ་བསམ་ན་གོ་སྐབས་ལྷག་མ་ཞིག།
སྤྱན་རས་ཡངས་པའི་གཟིགས་རྒྱང་ཤིན་ཏུ་དག།

རྐྱེན་ངན་གྲོགས་སུ་བསྒྱུར་བ་དམ་པའི་རྟགས།།
ཞུམ་པའི་བློ་ངན་དོར་བ་དཔའ་བོའི་སྟོབས།།
འཛུམ་པའི་རྒོལ་ལན་བྱེད་པ་ཁྱེད་ཀྱི་གཤིས།།
མིག་གི་དཔལ་དུ་བརྗིད་པའི་རྒྱལ་སྲས་ཉིད།།
སྤྱན་རས་གཟིགས་ཀྱིས་བཏང་བའི་ཕོ་ཉ་ཡིན།།
མེས་པོ་སྒལ་ཚིགས་ཅན་གྱི་ང་རྒྱལ་ཡིན།།
གཞིས་བྱེས་ཕྱི་ནང་གཉིས་ཀྱི་སྤོབས་པ་ཡིན།།
རྒན་པ་དག་གི་སེམས་ཀྱི་དད་པ་ཡིན།།
གཞོན་པ་དག་གི་ལམ་གྱི་སྒྲོན་མེ་ཡིན།།
ཆོས་བརྒྱུད་གཅིག་ཏུ་སྒྲིལ་བའི་གོང་བུ་ཡིན།།
ས་ཡ་དྲུག་གི་རྨི་ལམ་བཅོལ་ས་ཡིན།།
དོན་གྱིས་ཆོལ་ཁ་གསུམ་གྱི་སྲུང་འཁོར་ཡིན།།
འདི་ལྟར་བསམ་ན་བཀའ་དྲིན་ལོས་ཆེ་སྟེ།།
བླ་ཚེ་སྲོག་གསུམ་བོད་ཀྱི་དོན་ལ་ཕུལ།།

བྱམས་བརྩེའི་ས་བོན་གོ་ལའི་ཁྱོན་ལ་བཏབ།།
ཤར་ནུབ་ཡུལ་གྲུ་ཀུན་ལ་འོད་ཟེར་འཚེར།།
མཁས་དབང་དགེ་ཆོས་ཡན་ཆད་སྐད་ཤོར་བའི།།
སྐྲ་སེར་མགོ་མཁྲེགས་དག་ཀྱང་འཁོར་དུ་འདུས།།
འཛམ་གླིང་གྲགས་པའི་མི་སྣའི་ཏོག་ཏུ་གྱུར།།
བསམ་ཞིང་བསམ་ན་རྨི་ལམ་ཐེངས་ཤིག་འདྲ།།
དོན་གྱིས་བསྟོད་པའི་ཡུལ་ཙམ་མ་ཡིན་པར།།
སྐྱེ་འགྲོ་ཀུན་གྱིས་མིག་གི་དཔལ་དུ་ཤར།།
རྣ་བའི་ཡུལ་དུ་གྲགས་པའི་བུ་རམ་ཡིན།།
ཞི་བའི་སྟོན་པ་གོ་ལའི་གསེར་ཏོག་ཡིན།།

མི་ཡི་དགོས་མཁོ་མི་ལ་བསྟུན་ནས་བསྐངས།།
རིགས་རུས་དབུལ་ཕྱུག་གོ་ས་མཐོ་དམན་མེད།།
ཀུན་ལ་སྙོམས་པའི་བརྩེ་བ་རྒྱ་མཚོ་ཡིན།།
ཆོས་ཀྱི་མཚམས་ལས་འདས་པའི་བཟང་སྤྱོད་སྤེལ།།
འདི་ནི་རྩ་བའི་དམ་བཅའ་དང་པོ་སྟེ།།
སྐོམ་པའི་གདུང་བ་སེལ་བའི་བདུད་རྩི་ཡིན།།
དགེ་སློང་རྣམ་དག་ཅིག་གི་རྣམ་པར་རོལ།།
ཤཱཀྱ་སེང་གེ་སྐུ་ཡི་མཛད་པ་བསྐྱངས།།
ང་ཆེ་ང་ཡིན་སྙམ་པའི་ང་རྒྱལ་སྤངས།།
ཀུན་གྱི་ཡོད་ཏན་གཟིགས་པའི་མིག་རྒྱང་རིང་།།
ཆོས་ལུགས་འདྲ་མཉམ་མཐོང་བའི་དམ་བཅའ་སྟེ།།
ཕྱི་ནང་ཆོས་ལུགས་མཐུད་པའི་ཨ་ལོང་ཡིན།།

ཆོས་ལྡན་བོད་མི་ཀུན་གྱི་དགེ་འབྲས་སུ།།
རྣམ་པར་སྨིན་པའི་བསྡུས་གཟུགས་གཅིག་ཏུ་ཤར།།
སྤྱི་ནོར་ཁ་བ་ལྗོངས་ཀྱི་མིག་གཅིག་པུའི།།
དམ་བཅའ་གསུམ་པའི་སྐུ་ཡི་མཛད་པ་ལ།།
མཚོན་པའི་ཐ་སྙད་དག་ཀྱང་ཤིན་ཏུ་ཉུང་།།
དགོངས་དག་ང་ཡི་ངག་ནི་ལྐུག་པར་གྱུར།།

ཚན་རིག་ལྟ་གྲུབ་ཆོས་ལུགས་ཁྱབ་རྒྱ་ཆེ།།
བཀའ་བསྟན་རིག་གཞུང་སྡེ་ཚན་དེ་ལྟར་ཕྱེ།།
དུས་སུ་བསྟུན་པའི་བསྟན་པའི་ཚེ་སྲོག་བསྲིངས།།
སྟོན་པ་ཞལ་བཞུགས་ཡོད་ན་དགྱེས་ཚོད་ཡིན།།
སེམས་དང་ཚེ་སྲོག་ཚོགས་པ་རིན་ཐང་ཆེ།།
ཤར་ནུབ་ཆོས་ཚན་བར་གྱི་གསེར་ཟམ་ཡིན།།

ཐོག་མར་ཕ་མས་བཞག་པའི་བག་ཆགས་དང་།།
བར་དུ་སེམས་སུ་འཇགས་པའི་དད་པ་གཉིས།།
ད་ལྟ་བཀའ་དྲིན་ཤེས་པའི་རྒྱུ་མཚན་སོགས།།
ཀུན་ཀྱང་ང་ལ་མཚོན་ན་ནོར་བུ་ཞིག།
འདི་ནས་འཛམ་གླིང་ཞི་བདེ་དེད་དཔོན་ཞེས།།
བསྟོད་པའི་ངག་གི་སྡེབ་སྦྱོར་མ་སྤེལ་ཡང་།།
ནོ་བྷེལ་ཞི་བདེའི་གཟེངས་ཀྱི་བདེན་དཔང་འདིས།།
ཤཱཀྱའི་དགེ་སྦྱོང་ཁྱེད་ཉིད་དཀར་འདོན་བྱས།།
བར་དུ་ཀུན་གྱིས་བཀའ་དྲིན་སྐུ་དྲིན་ཞེས།།
བདེ་བདེ་ངག་གི་རྟ་ལ་མ་དྲངས་ཀྱང་།།
བསམ་མེད་བྱིས་པ་སྣབས་ལུག་ཡན་ཆད་ཀྱི།།
སེམས་ཡོད་མི་ཞིག་ཡིན་ན་ཤེས་ཚོད་ཡིན།།
འོན་ཀྱང་མཛད་པ་དག་ཀྱང་བསམ་པ་ན།།
དེ་རིང་དམིགས་ཀྱིས་བསལ་བའི་ཉི་མ་ལ།།
ཁྱེད་ལ་སེམས་ཀྱི་གཏིང་ནས་བཀའ་དྲིན་ཞུ།།
ལྷག་དོན་བརྒྱ་ཕྲག་ལྷག་ལ་བཞུགས་སུ་གསོལ།།
ཐུགས་ཀྱི་བཞེད་དོན་མཐའ་དག་འགྲུབ་ཅིག་གུ།།

________________________________________

༢. སྟོན་པ་གཉིས་པའི་འཁྲུངས་སྐར་བསུ།
དོལ་པོ་འཇིགས་མེད་རྣམ་རྒྱལ། ལོ་རིམ་བཞི་པ།

ཀ་དག་གནས་ལུགས་མངོན་སུམ་མཁྱེན།།
ཁ་བ་བཞིན་དུ་ཁྱེད་ཐུགས་དཀར།།
ག་གེའི་ཆ་ལུགས་སྣ་ཚོགས་དང་།།
ང་རྒྱལ་སྡུག་གསུམ་གདོད་ནས་ཞི།།

ཅ་དངོས་རིན་ཆེན་གསེར་དངུལ་སྤངས།།
ཆ་བྱད་གཟན་ཤམ་ཁོ་ནས་མཛེས།།
ཇ་ཆུ་ལས་གཞན་འཐུང་རྫས་མེད།།
ཉ་གང་ཟླ་བཞིན་གཟི་མདངས་རྒྱས།།

ཏཱ་ལའི་བླ་མའི་མཚན་སྙན་དེ།།
ཐ་དག་འཛམ་གླིང་རྒྱན་དུ་གྱུར།།
ད་ལྟའི་དུས་རབས་ཉེར་གཅིག་ནང་།།
ན་གཞོན་རྒས་འཁོགས་མགྲིན་གཅིག་སྨྲ།།

པ་ཕ་གངས་ཅན་མགོན་པོ་ཁྱེད།།
ཕ་མ་ལས་ཀྱང་ཐུགས་བརྩེ་ཡིས།།
བ་གླང་འདྲ་བའི་རྨོངས་ངན་ལའང་།།
མ་ཁྲོས་རྟག་ཏུ་འཛུམ་གྱིས་བསུ།།

ཙ་ནའི་གནོད་པས་མ་ཚུགས་ཤིང་།།
ཚ་བའི་རྒྱ་གར་རོང་དུ་བྱོན།།
ཛ་ཡ་སེང་གེའི་ང་རོ་ཡིས།།
ཝ་སྐྱེས་རྨོངས་པའི་ལོག་རྟོག་བཅོམ།།

ཞྭ་མོ་ཐིག་གསུམ་ལ་སོགས་དང་།།
ཟ་འཐུང་ཤ་མར་མ་ཞེན་པར།།
འ་ཅག་སངས་རྒྱས་བསྟན་པ་ཀོ།
ཡ་རབས་བཟང་སྤྱོད་ཁོ་ནས་སྤེལ།།

ར་བས་གངས་རིའི་བསྐོར་བ་ནས།།
ལ་ལུང་མང་པོ་ཞབས་ཐང་གིས།།
ཤ་ཚ་འགྲོ་བ་འདུལ་བའི་སླད།།
ས་སྐྱོང་བླ་མ་ཁྱེད་ཉིད་ཕེབས།།

ཧ་ཅང་ཉག་ཕྲའི་དུས་སྐབས་སུའང་།།
ཨ་ཧོ་མཛད་ཕྲིན་མ་ནུབ་པར།།
སྐུ་ཚེ་ཁྲི་ལོར་རྟག་བརྟནད་ཅིང་།།
ཕྲིན་ལས་བ་དན་ཕྱོགས་བཅུར་སྒྲོངས།།

ཚན་རིག་མཁས་དབང་དུ་མ་དང་།།
ཕྱི་ནང་སློབ་དཔོན་ཕལ་མོ་ཆེར།།
ལུང་རིགས་ཟབ་མོས་བགྲོ་གླེང་གིས།།
སངས་རྒྱས་ཆོས་ལུགས་མཚན་སྙན་བདོའོ།།

གངས་ཅན་མགོན་པོ་སྤྱན་རས་གཟིགས།།
གངས་རིའི་ཞིང་ནས་སྲིད་པ་བཟུང་།།
གངས་དཀར་ལྷག་བསམ་བཅོས་མིན་གྱིས།།
གངས་རི་བཞིན་དུ་དབུ་འཕང་མཐོའོ།།

འཛམ་གླིང་སྤྱི་དང་ཁྱད་པར་དུ།།
བོད་མིའི་ལྟ་བའི་འདྲེན་བྱེད་ཟུང་།།
ཁོག་པའི་སྙིང་དང་མཚུངས་པ་པོ།།
སྟོན་པ་གཉིས་པའི་འཁྲུངས་སྐར་བསུ།།

༢༠༢༡/༠༧/༠༦ རོང་ཕྲུག་གིས།


འདིར་ངེད་དྲྭ་བས་ད་ལམ་རྒྱལ་བའི་འཁྲུངས་སྐར་ཉིན་མོར་སྔ་འགྱུར་བའི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་གླིང་གི་དགེ་སློབ་རྣམ་པས་བརྩམས་པར་མཛད་པའི་སྙན་རྩོམ་གང་རྙེད་རྙེད་ཅིག་བསྡུས་ཏེ་ཕྱོགས་བསྒྲིགས་ཞུས་ཡོད་པ་འདིས་རྒྱལ་བ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཅིང་མཛད་ཕྲིན་བླ་ལྷག་ཏུ་རྒྱས་པ་དང་འགྲོ་ཁམས་ཡོངས་སུ་ཞི་བདེའི་དཔལ་ཕུན་སུམ་ཚོགས་པས་བརྒྱན་པར་གྱུར་པའི་སྨོན་འདུན་གྲངས་མེད་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།