སློབ་སྤྲུལ་ཚེ་རིང་དབང་འདུས།
གནམ་ལོ་ཉི་ཤུའི་ལོ་འགོ་དེ་ནས།།
གྲགས་པའི་མཚན་སྙན་ཧ་ཅང་ཆེ་བའི།།
ཏོག་དབྱིབས་ནད་འབུ་གཟུགས་མེད་དེ་ཡིས།།
ཞོགས་པ་གཉིད་ནས་སད་མ་ཐག་དང་།།
དོ་ནུབ་མལ་དུ་མ་འཛུལ་བར་དུ།།
འབྲལ་མེད་ལུས་ལ་བཅངས་པ་དེ་ནི།།
ཁ་རས་དེ་དང་འགོག་ཁབ་ཡིན་ནོ།།
དཀོན་མཆོག་གསོལ་འདེབས་བྱ་རྒྱུ་བརྗེད་ཀྱང་།།
ཁྱེད་གཉིས་ཡིད་ལ་འབྲལ་མེད་ལྷང་ལྷང་།།
ཚེ་ཡི་བདག་པོ་གང་དུ་བཞུགས་མིན།།
རྒྱུས་མེད་བདག་འདྲའི་མཇལ་སྐལ་མ་གྱུར།།
བླ་མའི་ཕྱག་གི་ཚེ་བུམ་མ་ཡིན།།
སྤྲུལ་སྐུས་ཚེ་འགུགས་གཡབས་པ་མ་ཡིན།།
ཚེ་ལྷ་གསོན་པོའི་རྣམ་པ་བརྫུས་ཏེ།།
ཚེ་སྲོག་སྐྱོབ་པའི་ཁ་འཐུམ་ཁྱོད་ཡིན།།
ཡ་གིའི་སྡེ་དཔོན་རྫིག་རྫིག་དེ་དང་།།
མ་གིའི་སྲང་མདོའི་མདོ་མེད་ཀུན་ཀྱང་།
དབུགས་ཀྱི་འགྱུ་བ་རྟ་རྔ་ཙམ་འདི།།
མ་འགགས་ཚེ་ཡི་དངོས་གྲུབ་བསྩལ་སོང་།།
གནའ་སྔོན་ཐལ་རྡུལ་མི་གཙང་གསེང་ན།།
ཁ་འཐུམ་བེད་སྤྱོད་ཡུད་ཙམ་བྱས་ཀྱང་།།
ད་ནི་ཁོ་བོའི་མི་ཚེ་ནང་གི།
སྐྱབས་གནས་ལྔ་ཡི་གཅིག་དེ་ཁྱེད་ཡིན།།
འཆི་བ་མི་རྟག་སྔ་ནས་ཐོས་རུང་།།
བདག་ནི་རྟག་པར་ཞེན་ཞེན་དབང་གིས།།
འཇིག་རྟེན་ནང་གི་མཛེས་ཤོས་དེ་ཡང་།།
རང་གི་ཚེ་སྲོག་ཡིན་པ་ཤེས་ཐལ།།
ཤི་རུང་གསོན་རུང་ཁོ་བོའི་རྣམ་ཤེས།།
སྐྱབས་གནས་གཉིས་པོའི་ལག་ཏུ་ཡོད་པས།།
ཕྲག་ཏུ་བབས་པའི་འགན་དེ་འཁྱེར་ནས།།
ད་ཡང་གཤིན་རྗེའི་འཕྲང་ལས་སྐྱོབས་ཤིག།
༢༠༢༡/༧/༣༡

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།