རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 1 August 2021

དཔེ་ཀློག་དང་སློབ་ཆེན།

ཆིན་ལེ་ཆོན་གྱིས་བརྩམས། 

ཨ་རིན་གྱིས་བསྒྱུར།

གངས་རྒྱན་འཕྲིན་སྟེགས་ལས་བཤུས།



༡. དཔེ་ཀློག་ཇི་ལྟར་བྱེད་དགོས།

      མཚམས་འདི་ནས་ཤེས་བྱ་ཇི་ལྟར་འཚོལ་བ་དང་། དཔེ་ཀློག་ཇི་ལྟར་བྱེད་པའི་གནད་དོན་གླེང་བར་བྱ། དེ་ཡང་དཔེ་ཀློག་ལ་ལུའུ་ཞུན་དང་ཀྲོའུ་ཙུའོ་རེན་སྤུན་མཆེད་གཉིས་ཀྱིས། བསམ་ཡུལ་ལས་འདས་ཤིང་ནང་དོན་གྱིས་ཕྱུག་པའི་དཔེ་ཞིག་བླངས་ཡོད་དེ། ལུའུ་ཞུན་ན་རེ། དཔེ་ཀློག་ནི་ཤོ་རྩེ་བ་དང་འདྲ་ཞེས་ཟེར། དེ་ནི་དེ་རིང་གི་ཤོ་རྩེ་བར་དགའ་བའི་མི་དང་འདྲ་སྟེ། ཉིན་མཚན་རེ་རེར་དང་། ཉིན་མཚན་འཕྲོར་མཐུད་ནས་བསྟུད་མུར་རྩེ་ཞིང་། མཚམས་རེར་སྤྱི་བདེ་མི་སྣས་བཟུང་ནའང་། གློད་བཀྲོལ་བཏང་རྗེས་མུ་མཐུད་དུ་ཤོ་རྩེ། དེ་ལས་ཤོ་རྩེ་བའི་ངོ་མཚར་ནི་ཤོ་སྦག་རེ་རེའི་འགྱུར་ལྡོག་སྣ་ཚོགས་ཤིང་། དཔེ་ཀློག་ཀྱང་དེ་དང་འདྲ་བར། ཤོག་གྲངས་རེ་རེའི་ངོས་སུ་རོལ་མྱོང་གི་བྲོ་བ་ཕུན་སུམ་ཚོགས་པ་ཡོད་པ་དེའོ། །དོན་དམ་པའི་ཤོ་རྩེ་མཁན་ཞིག་ཡིན་ཚེ། ཤོ་ཡི་རྒྱལ་ཕམ་ལ་སྣང་དོགས་མི་བྱེད་ཅིང་། གལ་ཏེ་སྒོར་མོའི་ཆེད་དུ་ཤོ་རྩེ་བ་ཡིན་ན། རྒྱན་པོ་འགྱེད་མཁན་ཁྲོད་ཀྱི་“ཐ་མར་”བརྩི། དེ་བས་རྒྱན་པོ་འགྱེད་མཁན་ནང་གི་ཤོ་རྩེ་མཁན་ནི། ཤོ་ཡི་ཆེད་དུ་ཤོ་རྩེ་བ་སྟེ། ཆེད་དུ་ཤོ་རྩེ་སར་སོང་ནས། དེའི་ཁྲོད་ཀྱི་བདེ་བ་རོལ་མྱོང་བྱེད་པ་དེ་ཡིན། དཔེ་ཀློག་ཀྱང་དེ་དང་འདྲ་སྟེ། དཔེ་ཀློག་གི་ཆེད་དུ་དཔེ་ཀློག་བྱེད་ཅིང་། ཁེ་ཕན་ལས་འདའ་འགོངས་བྱེད་དགོས། དེ་བས་དཔེ་ཀློག་དེ་ཡང་རྩེད་མོ་སྐྱིད་པོ་ཞིག་ཏུ་བསམ་ན དཔེ་ཀློག་གི་སྨྲ་བསམ་བརྗོད་འདས་ཀྱི་རོལ་མྱོང་གི་ཆ་དེ་སྙེག་པའོ།།


     ཀྲོའུ་ཙུའོ་རེན་གྱིས་ཀྱང་དཔེ་ཞིག་བཞག་ཡོད་དེ།“དཔེ་ཀློག་ནི་ཐ་མག་འཐེན་པ་དང་འདྲ་”ཞེས་ཟེར། དུ་བ་འཐེན་པར་དགའ་བའི་མིས་ཁ་ཁོམ་ལག་ཁོམ་ཡིན་དུས་ད་གཟོད་དུ་བ་འཐེན་ནས་དུས་ཚོད་འཁྱོལ་ཐབས་བྱེད་ཀྱང་།དོན་དམ་པའི་དུ་བ་འཐེན་ཤེས་མཁན་གྱིས། དུ་བའི་དུད་སྤྲིན་ཀློང་གི་མཁའ་ན་གཡེང་བའི་ཚོར་བའི་ཁམས་དེ་འཚོལ་མུས་བཞིན། དཔེ་ཀློག་ཀྱང་དེ་བཞིན་ཏེ། བྲོ་བ་ཟད་ཀྱིས་མི་ཤེས་པའི་ཚོར་བའི་ཁམས་དེ་འདྲ་འཚོལ་བ་ཡིན། 


     ཡིན་ན་ཡང་། ང་ཚོའི་སློབ་གསོ་སྟེ། སྒོས་སུ་སློབ་འབྲིང་སློབ་གསོའི་ཕམ་ཁ་ཆེ་ཤོས་ནི། འདི་ལྟ་བུའི་དོན་སྙིང་གིས་ཕྱུག་ཅིང་། མི་རེ་རེས་ཡིད་སྨོན་བྱེད་དགོས་པ་ཞིག་ནི་ཁེ་ཕན་ཅན་དུ་གྱུར་ལ། ཨ་ཐང་ཆད་ཅིང་སློབ་མ་རྣམས་དཔེ་ཀློག་ལ་འཇིགས་སྐྲག་སྐྱེས་པ་ཞིག་ཏུ་བཏང་ཡོད་འདུག ཁོ་བོས་བསམ་ན་སློབ་གྲོགས་ཚོའི་ཁྲོད་དུ་འདི་ལྟ་བུའི་མྱོང་ཚོར་ཡོད་སྲིད་དེ། དཔེ་ཆ་མཐོང་མ་ཐག་མགོ་ན་བ་དེ་རེད། གལ་ཏེ་ཁོ་བོ་ཡིན་ན་དཔེ་ཆ་མཐོང་མ་ཐག་དགའ་ཚོར་སྐྱེས་ཤིང་། སེམས་སུ་བརྗོད་མི་ཤེས་པའི་སྤྲོ་སྣང་ཞིག་གིས་ཁྱབ་ཡོང་། སློབ་འབྲིང་སློབ་གསོས་ཆེས་དོན་སྙིང་གིས་ཕྱུག་པའི་དཔེ་ཀློག་དེ་ཆེས་བྲོ་བ་མེད་པའི་དཔེ་ཀློག་ཅིག་ཏུ་བཏང་ཡོད་ལ། འདི་ནི་ང་ཚོའི་སློབ་གསོའི་ཕམ་ཁ་ཆེ་ཤོས་དེ་རེད། ད་ལྟ་སློབ་གྲོགས་ཚོ་སློབ་མཐར་ཕྱིན་ཏེ་སློབ་ཆེན་དུ་ཞུགས་རྗེས། སློབ་འབྲིང་དུས་སྐབས་ཀྱི་གནོན་ཤུགས་དེ་འདྲ་དང་སྡུག་བསྔལ་ཁྲོད་ཀྱི་དཔེ་ཀློག་ལས་བཅིངས་འགྲོལ་གྱིས་དོན་དམ་པའི་བྲོ་བས་ཕྱུག་པའི་དཔེ་ཀློག་བྱེད་རྒྱུ་ཤིན་དུ་གལ་ཆེ། ཆེས་མ་མཐའ་ཡང་ཡིག་རྒྱུགས་ཀྱི་ཆེད་དུ་དཔེ་ཀློག་མི་བྱེད་པ་དེའོ།།


     དེས་ན་འདི་ནས་ཀུན་གྱིས་དོ་སྣང་བྱེད་པའི་གནད་དོན་ཞིག་ལ་འཕྲད་སོང་སྟེ། དཔེ་ཀློག་བྱེད་དོན་ཅི་ཡིན་ནམ་ཞེས་པ་དེ་རེད། དཔེ་ཀློག་ནི་རྩེད་མོ་སྐྱིད་པོ་ཞིག་དང་འདྲ་སྟེ། མིང་དུ་གྲགས་པའི་གཏན་ཚིགས་རིག་པ་བ་ཅིན་ཡུའེ་ལིན་ལགས་ཀྱིས་ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་དུ་སློབ་ཁྲིད་བྱེད་སྐབས། ཐེངས་ཤིག་བུད་མེད་སློབ་གྲོགས་ཤིག་ཡར་ལངས་ཏེ། “སྐུ་ཞབས་ཅིན་ལགས། ཁྱོད་ཀྱི་གཏན་ཚིགས་རིག་པ་སྦྱངས་ན་ཕན་པ་ཅི་ཞིག་ཡོད་དམ། ཁྱོད་ཀྱིས་ཅིའི་ཕྱིར་གཏན་ཚིགས་རིག་པར་ཞིབ་འཇུག་བྱས་སམ་”ཞེས་དྲིས་པར། ཅིན་ཡུའེ་ལིན་གྱིས་ཕྱིར་ལན་དུ། “རྩེ་འདོད་ཡོད་པའི་ཕྱིར་རོ་”ཞེས་བཤད། དུས་དེར་སྐུ་ཞབས་ཅིན་གྱི་སྐད་ཆ་འདིར་སློབ་གྲོགས་རྣམས་ཀྱིས་ཉན་ཚེ། ཤིན་ཏུ་རྣ་ཐོས་གསར་བ་ཞིག་ཏུ་བསམས་མོད། དོན་དངོས་སུ་“རྩེད་འདོད་ཡོད་པའི་ཕྱིར་”ཅེས་པས། དཔེ་ཀློག་དང་ཞིབ་འཇུག་ཅི་ཡོད་ཀྱི་གནས་ལུགས་བཤད་འདུག་གོ།


༢. དཔེ་ཆ་ཅི་ཞིག་ཀློག་དགོས།

     ད་དུང་གནད་དོན་ཞིག་ཡོད་དེ། དཔེ་ཆ་ཅི་ཞིག་ཀློག་དགོས་ཞེས་པ་དེ་རེད། དེ་ཡང་དཔེ་ཀློག་གི་ཁྱབ་ཁོངས་འདི་སློབ་གྲོགས་རྣམས་ལ་མཚོན་ན། ཆེས་དོན་དངོས་དང་ཆེས་བྱེ་བྲག་གི་གནད་དོན་ཞིག་ཡིན། དེར་སྐུ་ཞབས་ལུའུ་ཞུན་གྱིས་ཆེས་གནད་དུ་འཁེལ་བའི་སྐད་ཆ་ཞིག་བཤད་འདུག་སྟེ། “ན་གཞོན་རྣམས་ཀྱིས་སློབ་ཕྱིའི་དཔེ་ཆ་མང་དུ་ཀློག་དགོས་”ཞེས། ཆེད་ལས་ཕྱི་རོལ་གྱི་དཔེ་ཆ་ཀློག་དགོས་པ་བསྟན་ཡོད། རིག་ཚན་སྦྱོང་མཁན་གྱིས་རྩིས་ཚན་ཕྱོགས་ཀྱི་དཔེ་ཆ་ཀློག་པ་དང་། རྩིས་ཚན་སྦྱོང་མཁན་གྱིས་རིག་ཚན་ཕྱོགས་ཀྱི་དཔེ་ཆར་བལྟས་ཏེ། མི་གཞན་གྱིས་དེའི་ཕྱོགས་སུ་ཞིབ་འཇུག་ཅི་ཞིག་གནང་ཡོད་པར་རྒྱུས་ལོན་བྱས་པ་ཡིན་ན། མི་གཞན་དང་བྱ་དངོས་གཞན་ལ་ཆ་རྒྱུས་གཏིང་ཟབ་ཡོད་པར་འགྱུར། ཀྲོའུ་ཙུའོ་རེན་གྱིས་ཀྱང་། རང་ཉིད་ཀྱི་ལྟ་ཀློག་མཐོང་རྒྱ་བསྐྱེད་པའི་ཕྱིར། ཆེད་ལས་ཕྱི་རོལ་གྱི་དཔེ་མང་དུ་ཀློག་དགོས་པར་སྐུལ་འབོད་གནང་ཡོད།


     དེས་ན་དཔེ་ཆ་ཅི་ཞིག་ཀློག་པ་ནི། དོན་གྱིས་རང་རྒྱུད་དུ་ཤེས་བྱའི་སྒྲོམ་གཞི་ཇི་ལྟར་ཇུས་འགོད་བྱ་རྒྱུའི་གནད་དོན་ཞིག་ཡིན། དེ་བས་སློབ་ཆེན་དུས་སྐབས་ནི། རང་ཉིད་མི་གང་འདྲ་ཞིག་བྱེད་པ་དེ། གཙོ་བོ་རང་རྒྱུད་དུ་ཤེས་བྱའི་སྒྲོམ་གཞི་གང་འདྲ་ཞིག་ཇུས་འགོད་བྱེད་པར་ཐུག་པས། ཀྲོའུ་ཙུའོ་རེན་གྱིས། “ང་ཚོའི་ཤེས་བྱ་དེ་ལྟེ་གནད་གཅིག་ལ་བསྐོར་བ་བརྒྱབ་ནས་ཡོད་དེ། རང་ངོ་ཟིན་པ་དེའོ་”ཞེས་བཤད་མྱོང་། དེ་བས་རང་ངོ་ཟིན་པ་ལྟེ་གནད་ཀྱིས་ཤེས་བྱའི་སྒྲོམ་གཞི་ཇུས་འགོད་བྱེད་པ་ལ། ཀྲོའུ་ཙུའོ་རེན་གྱིས་ཕྱོགས་ལྔ་ནས་དཔེ་ཀློག་གི་རེ་བ་བཏོན་ཡོད་ཅིང་།དུས་ད་ལྟ་ཡང་ང་ཚོར་བློ་བསྐྱེད་མི་དམན་པ་ཐོབ་སྟེ། 


     “གཅིག་ནི་རང་ཉིད་སྒེར་མི་ཞིག་ཡིན་པའི་ཆ་ནས།ངེས་པར་དུ་སྐྱེ་མཆེད་རིག་པ་དང་། སེམས་ཁམས་རིག་པ། གསོ་རིག་གི་ཤེས་བྱར་བལྟ་དགོས། དེ་ལས་སྐྱེ་མཆེད་རིག་པ་སྟེ། མཚན་མ་རིག་པའི་སྐོར་གྱི་ཤེས་བྱར་ཐོག་མར་བལྟ་དགོས། གཉིས་ནི་འགྲོ་བ་མི་ཞེས་པ་ངོས་ཟིན་པའི་ཆེད་དུ། ངེས་པར་སྐྱེས་དངོས་རིག་པ་དང་སྤྱི་ཚོགས་རིག་པ། དམངས་སྲོལ་རིག་པ་དང་། ལོ་རྒྱུས་རིག་པའི་ཕྱོགས་ཀྱི་ཤེས་བྱར་བལྟ་དགོས། གསུམ་ནི་མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བར་རྒྱུས་ལོན་བྱེད་ཆེད། ངེས་པར་གནམ་རིག་དང་ས་ཁམས་རིག་པ། དངོས་ལུགས་རིག་པ། རྫས་འགྱུར་རིག་པ་སོགས་ཀྱི་ཤེས་བྱར་བལྟ་དགོས། བཞི་ནི་ཚན་རིག་གི་རྨང་གཞི་འཇོག་པའི་ཆེད་དུ། ངེས་པར་རྩིས་རིག་དང་མཚན་ཉིད་རིག་པའི་ཤེས་བྱར་བལྟ་དགོས། ལྔ་ནི་སྒྱུ་རྩལ་ལ་བློ་སྦྱོང་ཡོད་པའི་ཆེད་དུ། ལྷ་སྒྲུང་རིག་པ་དང་། རྩོམ་རིགསྒྱུ་རྩལ་དང་། སྒྱུ་རྩལ་རིག་པའི་ལོ་རྒྱུས་ལ་བལྟ་དགོས་སོ།།"


     ཁོང་གིས་བཤད་པའི་ཕྱོགས་འདི་དག་ལས། ང་ཚོས་མི་རེ་ནས་ཉུང་མཐའ་ཡང་གཅིག་རེ་གཉིས་རེ་ཤེས་དགོས་ལ་བྱང་ཆུབ་པར་བྱ་འོས། ཀྲོའུ་ཙུའོ་རེན་གྱིས་བཏོན་པའི་རེ་བ་འདི་ང་ཚོས་བསྒྲུབ་མི་ནུས་པ་ཞིག་ལར་ནས་མ་རེད།


༣. དཔེ་ཀློག་ལ་བློས་གཏོང་གི་སྙིང་སྟོབས་ཡོད་དགོས། 

    ཁོ་བོས་ད་དུང་གནད་དོན་ཞིག་བཤད་དེ། དཔེ་ཀློག་དང་སློབ་སྦྱོང་ལ་བློས་གཏོང་སྙིང་སྟོབས་ཡོད་དགོས། ལོ་འདི་གར་ཚང་མས་བློས་གཏོང་སྙིང་སྟོབས་གླེང་བཞིན་མི་འདུག་མོད། ཁོ་བོ་སྒེར་ངོས་ཀྱི་ཉམས་མྱོང་ལྟར་ན། དོན་དམ་གྱི་དཔེ་ཀློག་དང་ཞིབ་འཇུག་བྱེད་པ་ལ། ངེས་པར་དུ་བློས་གཏོང་སྙིང་སྟོབས་ཡོད་དགོས། ཁོ་བོའི་སེམས་སུ་དྲན་བྱུང་བ་ཞིག་ནི། ཁོ་བོ་ཞིབ་འཇུག་སློབ་མར་ཞུགས་མ་ཐག་མཛུབ་སྟོན་དགེ་རྒན་ཝང་ཡའོ་ལགས་ཀྱིས། “ཆིན་ལི་ཆོན། ཐོག་མར་ཁྱོད་ཀྱིས་རྩིས་ཤིག་རྒྱོབས། དུས་ཚོད་ནི་འཇལ་ཚད་ཡིན་ཏེ། མི་སུ་ཞིག་ཡིན་ཀྱང་ཉིན་གཅིག་ལ་དུས་ཚོད་ཉེར་བཞི་ལས་མེད་པས། རྒྱུན་ཤེས་འདི་སེམས་ལ་དམ་པོར་འཛིན་དགོས། ཁྱོད་ལའང་དེ་བཞིན་ཏེ་དུས་ཚོད་ཉེར་བཞི་མ་གཏོགས་མེད། གཙོ་བོ་ཁྱོད་ཀྱིས་དུས་ཚོད་ཉེར་བཞི་ཇི་ལྟར་བཀོད་སྒྲིག་བྱེད་མིན་དེ་རེད། གལ་ཏེ་འདིའི་ཕྱོགས་སུ་དུས་ཚོད་མང་པོ་སྤྱད་ན། གཞན་དེའི་ཕྱོགས་ཀྱི་མང་པོ་ཞིག་ཤོར་འགྲོ་བས། རང་ལ་ཐོབ་དགོས་ན་གཞན་དེ་ངེས་པར་བློས་གཏོང་དགོས། མ་གཏོགས་ཡོད་ཚད་འཐོབ་འདོད་ཀྱི་བློ་འཆང་མི་རུང་”ཞེས་བཤད་མྱོང་། སྐད་ཆ་འདི་ཅུང་གོ་བདེ་བའི་ཚུལ་དུ་བཤད་ན། གནམ་འོག་གི་དོན་བཟང་ཡོད་ཚད་མི་གཅིག་གིས་བདག་འཛིན་བྱེད་མི་རུང་བ་དེའོ།།


     དེང་སྐབས་ན་གཞོན་པ་ཚོའི་ཆེས་ཆེ་བའི་གནད་དོན་ནི། དོན་བཟང་ཡོད་ཚད་རང་གཅིག་པུས་བདག་གིར་བྱས་ནས། སྣ་གཅིག་ཀྱང་ཕྱིར་ཤོར་བར་མི་འདོད་པ་དེ་རེད། གལ་ཏེ་ཁྱོད་ཀྱིས་སློབ་སྦྱོང་དང་ཞིབ་འཇུག་སྟེང་གྲུབ་འབྲས་ལེགས་པོ་ཞིག་ལེན་འདོད་ན། ངེས་པར་དུ་རང་ཉིད་ཀྱི་དུས་ཚོད་དང་སེམས་ཤུགས། ལུས་ཤུགས། ཀླད་ཤུགས་སོགས་མང་པོ་ཞིག་བློས་གཏོང་དགོས་ཤིང་། ཐ་ན་རྩེད་མོ་རྩེ་བ་དང་གཉིད་ཀྱི་དུས་ཚོད་ཀྱང་བློས་གཏོང་དགོས་པས། རང་ཉིད་ལ་ཡག་གཏོད་པའི་དུས་ཚོད་དེ་བས་ཀྱང་མེད། འོན་ཀྱང་རང་ཉིད་ལ་ཡག་གཏད་ནས་བསྡད་ན། དཔེ་ཀློག་གི་དུས་ཚོད་སྐར་ཆ་རེ་རེ་ཤོར་བཞིན་པའང་། ཧ་ཅང་གོ་སླ་བའི་གནས་ལུགས་ཤིག་རེད།དུས་ཚོད་ཇི་ལྟར་བཀོད་སྒྲིག་བྱེད་པའི་ཐད་ལ། ཁོ་བོར་ཚད་གཞི་ཞིག་མེད་ཅིང་། ཁྱོད་ཀྱིས་ཡག་གཏོད་པ་དང་ཉིན་གང་བོར་རྩེད་མོར་གཡེང་ནའང་། དེ་ཡང་མི་ཚེའི་འཚོལ་སྙེག་ཅིག་ཡིན་པས། དེར་རིན་ཐང་ཅི་ཡང་མེད་ཅེས་ལབ་མི་རུང་། ཡིན་ཀྱང་ཁྱོད་ཀྱིས་བསམ་གཞིག་གསལ་བོ་གཏང་དགོས་པ་ནི། ཕྱོགས་འདི་ནས་དུས་ཚོད་མང་པོ་འཕྲོ་བརླག་བཏང་ན། ཕྱོགས་གཞན་དེར་གྱོང་གུད་ཐེབས་བཞིན་ཡོད་པའང་ཤེས་དགོས་ཏེ། ཁྱོད་ཀྱི་ཡག་གཏོད་པ་དང་རྩེད་མོར་གཡེང་བའི་དུས་ཚོད་མང་དྲགས་ན། དེས་ཁྱོད་ཀྱི་དཔེ་ཀློག་ལ་བར་ཆད་ཐེབས་པའང་སྨོས་ཅི་དགོས། གལ་ཏེ་དཔེ་ཆ་མང་ཙམ་ཀློག་འདོད་ན། ཚད་ལས་བརྒལ་བའི་རྩེད་མོར་གཡེང་བ་དང་། དུས་ཚོད་མང་པོར་ཡག་མི་གཏོད་པ་ཤིན་ཏུ་གལ་ཆེ།


     འདིའི་ཤུགས་སུ་དངོས་པོ་དང་བསམ་བློ་གཉིས་ཀྱི་འབྲེལ་བ་ཇི་ལྟར་ཐག་གཅོད་བྱེད་པའི་གནད་དོན་ཞིག་ལྷགས་ཏེ། དངོས་པོའི་ཕྱོགས་ནས་ཡིད་ཚིམ་དགོས་ཤིང་། བསམ་བློའི་ཕྱོགས་ནས་ཀྱང་ཡིད་ཚིམ་དགོས་པ་ནི། གཞུང་ལུགས་ངོས་ཀྱི་བཤད་སྟངས་ཤིག་གམ། ཕུགས་བསམ་གྱི་རྣམ་པ་ཞིག་གམ། ཡང་ན་སྤྱི་ཚོགས་ཧྲིལ་བོའི་འཕེལ་རྒྱས་ཀྱི་ལུགས་མཐུན་ངོས་ནས་བཤད་པ་ཞིག་ལས། དོན་དངོས་ཀྱི་མི་སྒེར་གྱི་སྟེང་དུ་བབས་ན་མངོན་འགྱུར་བྱེད་པ་ཤིན་དུ་དཀའ། ཁོ་བོས་བལྟས་ན། མི་སྒེར་གྱི་ངོས་ནས་ཐོག་དང་པོར་དངོས་པོའི་རྨང་གཞི་འཇོག་དགོས་པར་འདོད་དེ། སྐུ་ཞབས་ལུའུ་ཞུན་གྱིས། དང་པོར་འཚོ་གནས་དང་། གཉིས་པར་ལྟོ་གོས། གསུམ་ནི་འཕེལ་རྒྱས་ཡིན་ཞེས་བཤད་མྱོང་། ཁོང་གིས་བཤད་པ་ཤིན་ཏུ་ཁ་གསལ་ཏེ། འཚོ་གནས་དང་ལྟོ་གོས་གཉིས་དངོས་པོའི་རྨང་གཞི་དང་། འཕེལ་རྒྱས་ནི་བསམ་བློའི་ཕྱོགས་སུ་གཏོགས། དེ་ཡང་དངོས་པོའི་འཚོ་ཚིས་ཀྱི་རྨང་གཞི་ཁག་ཐེག་མེད་པའི་ཆ་རྐྱེན་འོག་ཏུ། བསམ་བློའི་འཕེལ་རྒྱས་ཟེར་བ་གླེང་ཐུབ་པ་མིན། སྔོན་ཆད་ང་ཚོར་བཤད་སྲོལ་ཞིག་ཡོད་དེ། འདོད་ཆུང་ཆོག་ཤེས་བསྟེན་དགོས་ཟེར། དེ་ནི་མགོ་བསྐོར་གཏོང་བའི་གཏམ་ཡིན་པས། དེའི་གཡོ་འོག་ཏུ་མི་ཚུད་པར་གྱིས། གལ་ཏེ་འདོད་ཆུང་ཆོག་ཤེས་བསྟེན་རྒྱུ་ཟེར་ན། རང་ཉིད་ཀྱིས་དེ་ལྟར་བསྟེན་དང་། ངེད་ཅག་གིས་འདོད་ཆུང་ཆོག་ཤེས་བསྟེན་མི་ཐུབ་སྟེ། ང་ཚོར་མཚོན་ན་ཆེས་མ་མཐའི་འཚོ་བའི་རེ་བ་སྐོང་དགོས་ཤིང་། ད་དུང་བདེན་ཡོད་ཞུམ་མེད་ཀྱིས་རང་ཉིད་ཀྱི་དངོས་པོའི་ཁེ་ཕན་ཡང་སྲུང་སྐྱོབ་བྱེད་དགོས། 


     འོན་ཀྱང་ཁྱོད་ཀྱི་མ་མཐའི་དངོས་པོའི་ཁེ་དབང་ཁག་ཐེག་བྱེད་ཐུབ་སོང་བ་སྟེ། དཔེར་ན་ཁྱོད་ལ་སློབ་སྐྱོར་རོགས་དངུལ་ཐོབ་པ་དང་། ལྟོ་གོས་འཛོམས་པ། མ་ཟད་སློབ་ཁང་དང་ཉལ་ཁང་ཡང་བཀོད་སྒྲིག་གིས། ཁྱོད་ཀྱི་མ་མཐའི་འཚོ་བའི་ཆ་རྐྱེན་འཛོམས་སོང་ན། སློབ་གྲོགས་རྣམ་པས་ཀྱང་རང་ཉིད་ཀྱི་མི་ཚེ་ཇི་ལྟར་ཇུས་འགོད་དང་བཀོད་སྒྲིག་བྱེད་པར་བསམ་བློ་བཏང་ནས། རང་ཉིད་ཀྱི་མ་འོངས་པར་གྲ་སྒྲིག་ཨང་གསར་བྱེད་དགོས། གལ་ཏེ་ཁྱོད་ཀྱིས་བློ་གཅིག་སེམས་གཅིག་གིས་དངོས་པོའི་འཚོ་བ་བརྩོན་ལེན་བྱེད་བསམ་ནའང་མི་ཆོག་པ་མེད་མོད། ཁྱོད་ཀྱིས་བསམ་བློའི་ཕྱོགས་ནས་ཅི་ཞིག་འཐོབ་འདོད་ཀྱི་རེ་བ་མི་འཆང་བར་གྱིས། མ་ཟད་ད་དུང་“ང་རང་སེམས་སྡུག་གིས་མནར་སོང་”ལྟ་བུའི་སྐད་ཆའང་མི་ཤོད་པར་གྱིས། དེ་ལྟར་དངོས་པོའི་ལོངས་སྤྱོད་ཁོ་ན་མི་ཚེའི་དམིགས་འབེན་དུ་བཟུང་ནས་བརྩོན་ལེན་བྱས་པ་ཡིན་ན། ཁྱོད་ཀྱི་བསམ་བློའི་ཕྱོགས་ལ་གྱོང་གུད་ཐེབས་སྲིད་པ་ནི་གཞིར་བཞག་ཡིན། 


     ཁོ་བོས་རང་ཉིད་ལའང་ཇུས་འགོད་བྱས་མྱོང་སྟེ། དང་པོར་ཁོ་བོའི་དངོས་པོའི་འཚོ་བ་དེ་ཆུ་ཚད་འབྲིང་ཙམ་དང་། རབ་ཡིན་ན་འབྲིང་ལས་ཅུང་ལེགས་པ་ཞིག་འདོད། དཔེར་ན་ཁོ་བོར་ཅུང་ཁོད་ཡངས་པའི་དཔེ་ཁང་ཞིག་དགོས་པའི་དབང་དུ་བཏང་ན། འདི་ནི་དཔེ་ཁང་གི་གནད་དོན་འབའ་ཞིག་མིན་པར་བསམ་བློའི་བར་སྟོང་གི་གནད་དོན་ཡིན། ཁོ་བོའི་རེ་བར་ཅུང་རྒྱ་ཆེ་བའི་ཁང་པ་ཞིག་ཡོད་པར་བསམ་ཞིང་། འདི་དང་ཁོ་བོའི་བསམ་བློའི་རང་དབང་གཉིས་ལྷན་གཅིག་ཏུ་སྦྲེལ་ཐུབ། འོན་ཀྱང་མ་མཐའི་འཚོ་གནས་ཀྱི་དངོས་པོའི་ཆ་རྐྱེན་འདི་དག་འཛོམས་རྗེས། ད་ནི་འདི་ལས་ལྷག་པའི་དངོས་པོའི་འདོད་བློ་ཡོད་མི་རུང་། གང་ལགས་ཤེ་ན། ཁོ་བོའི་རེ་བར་ཁོ་བོའི་བསམ་བློའི་འཚོ་བ་ཨང་དང་པོར་བཞག་ཡོད་པས་ཡིན། དེ་མིན་པར་ཁོ་བོས་མཉམ་གཅིག་ཏུ་དངོས་པོའི་འཚོ་བ་དང་བསམ་བློའི་འཚོ་བ་གཉིས་ཡང་རྩེར་འཕགས་པ་ཞིག་འདོད་མི་རུང་ཞིང་། རྒྱུ་ཅན་ཚོར་ཡང་བསྡུར་མི་རུང་། དེ་མིན་ན་ཁོ་བོའི་སེམས་པ་ནམ་ཡང་ལྷོད་ལ་འབབ་ཐུབ་མེད། 


     དེའི་སྟབས་ཀྱིས་སློབ་གྲོགས་ཚོས་བསམ་བློ་ནན་མོ་གཏོང་དགོས་ཏེ། གལ་ཏེ་ཁྱོད་ཀྱིས་བསམ་བློའི་བརྩོན་ལེན་ཕྱོགས་སུ་ནུས་པ་འདོན་རྒྱུ་གཏན་འཁེལ་བྱས་ཚར་ན། ངེས་པར་དུ་དངོས་པོའི་བརྩོན་ལེན་ཕྱོགས་ནས་བློས་གཏོང་དགོས་ཤིང་། འོན་ཀྱང་དེའི་སྔོན་འགྲོའི་ཆ་རྐྱེན་ནི། མ་མཐའི་དངོས་པོའི་ཆ་རྐྱེན་ལ་ཁག་ཐེག་ཡོད་དགོས། དེ་ལྟར་མ་མཐའི་དངོས་པོའི་ཆ་རྐྱེན་འཛོམས་པའི་རྨང་གཞིའི་སྟེང་། ཁྱོད་ཀྱིས་ནུས་ཤུགས་རྩལ་སྤྲུགས་ཀྱིས་དངོས་པོ་གཞན་དག་བརྩོན་ལེན་བྱེད་མི་རུང་སྟེ། འདིའི་ཕྱོགས་སུ་ཁྱོད་ཀྱིས་ཕལ་བར་འཇོག་དགོས་ཀྱང་། དངོས་པོ་གང་ཞིག་འཐོབ་པར་གྱུར་ན་དངོས་པོ་གཞན་ཞིག་ཤོར་སྲིད་པ་འདི། ལུའུ་ཞུན་གྱི་སྒྲུང་ཐུང་ནང་གི་སྙིང་སྟོབས་ནི་མིན། མི་རྒྱུ་སྟོབས་ཅན་ལ་འཕྲད་ན། ཁོ་བོས་ཡིད་སྨོན་མི་བྱེད་ལ་མཐོང་ཆུང་ཡང་བྱ་མི་སྲིད་དེ། ཁོ་ཚོར་ཁོ་ཚོའི་རིན་ཐང་དང་ཁོ་ཚོའི་འཚོལ་སྙེག་ཡོད། གང་ལྟར་ཁྱོད་ཀྱིས་རྒྱུ་འབྲས་དྲང་སྲུང་གིས་འཚོལ་སྒྲུབ་བྱས་པའི་ངལ་རྩོལ་གྱི་འབྲས་བུ་དེར་ཁོ་བོས་བརྩི་བཀུར་བྱེད་སྲིད་མོད། འོན་ཀྱང་ཁོ་བོ་དང་ཁྱོད་གཉིས་མི་འདྲ་སྟེ། ཁོ་བོས་བརྩོན་ལེན་བྱེད་པ་ནི་བསམ་བློའི་སྙིང་སྟོབས་ཡིན་པས་སོ།། 


     ཁོ་བོས་འདིར་གླེང་བའི་བློས་གཏོང་སྙིང་སྟོབས་ནི། སྔོན་ཆད་ནང་བཞིན་རང་ལ་ཅི་ཡང་མི་མཁོ་བར། གཞན་དོན་གྱི་ཆེད་དུ་བློས་གཏོང་བ་དེ་འདྲ་ཞིག་ལ་གོ་བ་ཡང་མིན། ད་ལྟའི་ན་གཞོན་གྱི་ཆེས་ཆེ་བའི་གནད་དོན་དེ། རྒྱ་མཚོ་བཏུངས་ཀྱང་མི་ངོམས་པ་ལྟ་བུ་ཞིག་ཆགས་འདུག་སྟེ། ཅི་ཞིག་ཡིན་ནའང་རང་ལ་འཐོབ་པར་རེ་ཞིང་། མ་ཟད་ད་དུང་ཡོད་ཚད་གཞན་ལས་ཁྱད་དུ་འཕགས་པར་འདོད་ཅིང་། ཅུང་ཙམ་ཞིག་ཐུགས་ཐོག་ཏུ་མ་སོང་ནའང་སྡུག་ར་ཚར་རྒྱུ་མེད་པ་ཞིག་བྱེད་ངེས།  ཁོ་བོས་སློབ་གྲོགས་མང་པོ་ཞིག་ལ་འདི་ལྟ་བུའི་གནད་དོན་མངོན་སུམ་དུ་ཡོད་པ་མཐོང་མྱོང་ཞིང་། འདི་བཞིན་བྱས་ན་འགྲིག་པ་མ་རེད། འདི་ནི་ཁྱོད་ཀྱི་གདམ་གསེས་ལས་བྱུང་བ་ཡིན་པས། ཐོབ་ཟིན་ན་གཞན་ཞིག་ཤོར་འགྲོ་བ་བཤད་མ་དགོས་ཤིང་།ཤོར་ཟིན་ན་ད་གཟོད་ལྡོག་སྟེ་རང་ལ་འཐོབ་འོས་པ་འཐོབ་ངེས་སོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།