![]() |
| དོལ་པོ་ཚེ་དབང་ནོར་བུ། སྔ་འགྱུར་མཐོ་སློབ་ཆེན་མོའི་སློབ་གཉེར་བ། |
གཙོ་བོ་སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྡེ།།
ཁྱད་པར་རྨད་བྱུང་རྒྱ་བོད་པཎ་གྲུབ་བརྒྱ་རྩ་སོགས།།
ལྷག་པར་འདི་ཕྱིའི་སྐྱབས་གནས་གྲུབ་དབང་བླ་མ་རྗེ།།
དུས་ཀུན་མཆོད་དོ་བློ་དམན་བདག་ལ་དགེ་ལེགས་སྩོལ།།
འདི་ནས་ཡར་ལ་རྩིས་པའི་ལོ་ངོ་བདུན་ཙམ་གྱི་རིང་ལ། ༸གྲུབ་དབང་བླ་མའི་ཐུགས་རྗེའི་གྲིབ་བསིལ་ཉག་ཅིག་གི་འོག་ཏུ། ནང་ཆོས་ལ་སྤྱོད་པའི་གོ་སྐབས་བླ་མེད་རེག་ཀྱང་། ཕྲན་ནས་ད་དུང་ཤུན་ལྤགས་ཙམ་ལས་མ་མྱོང་བའི་བདེན་རྟགས་སུ། རང་སེམས་འདི་ནི་ཉོན་མོངས་སྡུག་གསུམ་ཇེ་ཆེར་ལས་ཉུང་དུ་བུད་མེད་པ་དེས་ཤེས། ད་དུང་ཞིབ་ཅིང་བསམ་ན། དྲྭ་ངོས་སུ་གྲུབ་དབང་བླ་མའི་བཀའ་སློབ་བཤམས་སུ་ཟིན་ཀྱང་། རང་གི་བྱེད་སྟངས་ནི་འགལ་བ་ཇེ་མང་དུ་སོང་འདུག་པས་ན། ད་ནི་གནོང་འགྱོད་དྲག་པོས་ཐོལ་ཞིང་བཤགས་ཏེ། དེ་རིགས་གང་ཐུབ་ཇེ་ཉུང་གཏོང་བ་དང་མ་ཟད། ངའི་བར་སེང་གི་དུས་ཚོད་དེ་ཚོའང་སྐབས་བབ་གཞུང་གི་བརྗེད་བྱང་འབྲི་རྒྱུ་ལ་ཕྱོགས་པར་བྱེད་སྙིང་འདོད། ༠༨/༠༦/༢༠༢༠
༡༽ ཤིང་རྟ་སྲོལ་འབྱེད།
ཤེར་ཕྱིན་གྱི་ཤིང་རྟ་སྲོལ་འབྱེད་ལས་འཕྲོས་ནས་ཤིང་རྟ་སྲོལ་འབྱེད་སྐོར། ཐེག་ཆེན་མདོ་ལུགས་ལྟར་ན། རང་རེའི་ཆོས་རར། མི་ཡི་ཤ་ཚུགས་ཅན་གྱི་འགྲེལ་བྱེད་མཁན་པོ་གཞན་ལ་མ་ལྟོས་པར་རྒྱལ་བའི་དགོངས་པ་རང་སྟོབས་ཀྱིས་འགྲེལ་མཁན་སྤྱིར་ཤིང་རྟ་སྲོལ་འབྱེད་དུ་འདོད་པར་དགག་བྱ་ཆུང་ལ་དགོས་པ་ཆེ་བར་མཐོང་། འདི་དང་བཀའ་ཡི་ཤིང་རྟ་སྲོལ་འབྱེད་དོན་གཅིག
སྤྱིར་ཤིང་རྟ་ཆེན་པོ་རྣམ་གཉིས་ཞེས་རླུང་ལྟར་གྲགས་པའང་། བཀའ་འམ་ཐེག་ཆེན་གྱི་ཤིང་རྟ་སྲོལ་འབྱེད་ཀྱི་དབང་དུ་བྱས་པ་ཡིན་གྱི། དེ་ཡང་བཀའ་ལ་འཁོར་ལོ་ཐོག་མཐའ་བར་གསུམ་དུ་ཡོད་པ་ལས། འཁོར་ལོ་དང་པོའི་གསུང་རབ་རྣམས་སྟོན་པ་སྐུ་མྱ་ངན་ལས་འདས་རྗེས་ཉམས་པའམ་ཉག་ཕྲ་བར་མ་གྱུར་བ་དེའི་ཕྱིར། དམིགས་བསལ་དེའི་ལུགས་ཐོག་མར་གསལ་བར་བྱེད་པོ་མ་དགོས་ཕྱིར་ན། ཤིང་རྟ་སྲོལ་འབྱེད་ཀྱི་རྣམ་གཞག་མ་བྱས་པར་གྲགས་པས་དཔྱད་དགོས། འཁོར་ལོ་བར་པ་ཟབ་མོའི་ཕྱོགས་རྣམས་ཉག་ཕྲ་བར་གྱུར་རྗེས་མགོན་པོ་ཀླུ་སྒྲུབ་ཀྱིས་གསལ་བར་བྱས་ཤིང་། འཁོར་ལོ་མཐའ་མ་རྒྱ་ཆེ་བའི་ཕྱོགས་རྣམས་འཕགས་པ་ཐོགས་མེད་ཀྱིས་གསལ་བར་བྱས་པས་ཤིང་རྟ་རྣམ་གཉིས་ཞེས་གྲགས་ལ།
ཡང་ན་ཐེག་པ་གོང་འོག་གཉིས་སུ་གནས་ཤིང་། འོག་མ་ཐེག་དམན་ནི་མ་ཉམས་ལ། གོང་མ་ཉམས་པས་དེའི་གྲུབ་མཐའ་དབུ་སེམས་གཉིས་སུ་གནས་ཤིང་། དབུ་མའི་ཕྱོགས་རྣམས་ཀླུས་གསལ་བར་བྱས་ཤིང་། སེམས་ཙམ་ཕྱོགས་རྣམས་ཐོགས་མེད་ཀྱིས་གསལ་བར་བྱས་པས། ཤིང་རྟ་སྲོལ་འབྱེད་གཉིས་སུ་གྲགས་སོ། །འོན་ཀྱང་དེ་གཉིས་ཀྱིས་ཐེག་པ་ཆེན་པོ་ཟབ་མོ་ལྟ་བའི་སྲོལ་དང་རྒྱ་ཆེན་སྤྱོད་པའི་སྲོལ་གཉིས་སོ་སོར་འཆད་པ་ལས། འགལ་མེད་ཟུང་འཇུག་ཏུ་གསལ་རྒྱས་ཀྱིས་ཐོག་མར་གཏན་ལ་འབེབས་མཁན་ནི་ཞི་བ་འཚོ་ཡིན་པས་ན། རང་ལུགས་བླ་མ་མི་ཕམ་པས་དབུ་མ་རྒྱན་འགྲེལ་དུ་ཐེག་ཆེན་ནམ་བཀའི་ཤིང་རྟ་སྲོལ་འབྱེད་ལ་གསུམ་དུ་གྲངས་ངེས་མཛད། མ་ཟད་ཟླ་གྲགས་ཐལ་འགྱུར་དང་། ལེགས་ལྡན་དབུ་མ་རང་རྒྱུད་དང་། ཞི་འཚོ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ཤིང་རྟ་སྲོལ་འབྱེད་དུའང་དོན་གྱིས་ཞལ་བཞེས་མཛད།
དེས་ན་ཐོགས་མེད་རྒྱ་ཆེན་སྤྱོད་པ་དང་སེམས་ཙམ། ལེགས་ལྡན་འབྱེད་དབུ་མ་རང་རྒྱུད་དང་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད། ཞི་འཚོ་ཟབ་རྒྱས་ཟུང་འཇུག་དང་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་གཉིས་ཀའི་སྲོལ་འབྱེད་ཡིན་པ་གོང་མ་གཉིས་ཀྱང་མཚུངས། དཔལ་སྤྲུལ་སྤྱི་དོན་དུ་ཤེར་ཕྱིན་གྱི་ཤིང་རྟ་ཀླུ་བྱམས་གཉིས་སུ་གསུངས། ལུགས་དེའི་ཐུན་མིན་གྱི་འདོད་པ་གསལ་རྒྱས་ཀྱིས་ཐོག་མར་སྲོལ་གཏོད་མཁན་ཞིག་ལ། ལུགས་དེའི་ཤིང་རྟ་སྲོལ་འབྱེད་བཤད་དགོས་པ་ལྟ་བུར་སྣང་། དེས་ན་དེ་དང་དེའི་ཤིང་རྟ་སྲོལ་འབྱེད་ཡིན་ན་སྤྱིར་ཤིང་རྟ་སྲོལ་འབྱེད་ཡིན་པས་མ་ཁྱབ་པ་གསུམ་དུ་གྲངས་ངེས་མཛད་པས་ཤེས།
དཔྱད་གཞིའམ་འཚོལ་དགོས་པ། ཤིང་རྟ་སྲོལ་འབྱེད་བཞི་ཞེས་སྔ་མ་རྣམས་ལ་གྲགས་སོ་གསུངས་ན། སྔ་རབས་པ་སུ་ཡི་གཞུང་ན་ཡོད་དམ། ཤིང་རྟ་སྲོལ་འབྱེད་ཅེས་པའི་ཐ་སྙད་ཐོག་མར་རྒྱ་གཞུང་ནས་འབྱུང་ངམ་བོད་གཞུང་ནས་འབྱུང་། ཀློང་ཆེན་དང་འཇིགས་གླིང་གཉིས་ཀས་ཀླུ་སྒྲུབ་ཐལ་འགྱུར་བའི་ཤིང་རྟ་སྲོལ་འབྱེད་དུ་གསུངས་པ་ལྟར་སྣང་བས་དཔྱད་དགོས། བྱེ་མདོ་གཉིས་ལ་ཤིང་རྟ་སྲོལ་འབྱེད་བཞག་ན་སུ་འཇོག བཞག་ན་སྐྱོན་ཡོད་དམ་མེད།
སུ་ཞིག་གིས་ལུང་རིགས་ཀྱིས་གོ་རྒྱུ་ཡོད་པའི་དགག་སྒྲུབ་གནང་ཚེ། དགའ་བསུ་ཞུ། ༠༩/༠༦/༢༠༢༠ ཚེ་ནོར།
༢༽ དབུ་མ་རིགས་ཚོགས་སྐོར།
དེ་རིང་མངོན་རྟོགས་རྒྱན་གྱི་དཔེ་ཁྲིད་དངོས་གཞི་དབུ་བཙུགས་རྗེས། ཤེར་ཕྱིན་གྱི་ཞོར་འཕྲོས་ཤིང་རྟའི་སྲོལ་འབྱེད་ལས། རིགས་ཚོགས་སུ་འཕྲོས་ནས་དེའི་སྐོར་གྱི་འགགས་གནད་འགའ་ཞིག་གླེངས་ན། སྤྱིར་རང་ལུགས་ལ་རིགས་ཚོགས་ཀྱི་གྲངས་ངེས་འདི་དང་འདི་ཞེས་དངོས་སུ་གསུངས་པ་མེད་མོད། འོན་ཀྱང་མི་ཕམ་པས་ས་སྐྱའི་དྲིས་ལན་དུ་ལྔ་འདོད་པ་དོན་ལ་གནས་ཤིང་གསུངས་པ་དེ་དཔྱད་གཞི་ཡིན།
དེས་ན་གཞན་དག་གིས་རིགས་ཚོགས་ལ་ལྔ་དང་དྲུག་གིས་གྲངས་ངེས་མཛད་པ་དང་། མ་ཟད་ཁ་ཅིག་ཐ་སྙད་སྒྲུབ་མེད་པ་དང་། ག་ལས་འཇིགས་མེད་རང་འགྲེལ་མིན་པར་བཞེད་པ་སྣ་ཚོགས་འབྱུང་ཡང་། དེའི་སྐོར་དཔྱད་རྩོམ་སྤུས་ཀ་དག་ཤོས་དེ། སྔ་འགྱུར་མཐོ་སློབ་ཆེན་མོའི་དགེ་བའི་བཤེས་གཉེན་ཆེན་མོ། སློབ་དཔོན་ཐུབ་བསྟན་རྒྱ་མཚོས་བྲིས་པའི་«རིགས་ཚོགས་གྲངས་ངེས་ལ་དཔྱད་པའི་གཏམ་»ཞེས་པའི་དཔྱད་རྩོམ་དེ་བཀླགས་ན། བློ་བསྐྱེད་འཕར་མ་འབྱོར་ངེས་ཡིན།
འོན་ཀྱང་དཔྱད་རྩོམ་དེར་ག་ལས་འཇིགས་མེད་རང་འགྲེལ་དུ་བསྒྲུབས་ཤིང་། རང་འགྲེལ་མིན་པར་སྨྲ་བའི་རིགས་པ་བདུན་ཙམ་ལུང་གི་གཞུ་ནས་རིགས་པའི་མདའ་ཡིས་རྨེག་མེད་དུ་བཅོམ་མོད། ད་དུང་འགའ་ཞིག་ལྷག་འདུག་པར་སྙམ་པས་ན། ཁོ་བོས་ཅུང་ཟད་དཔྱད་ན། དང་པོ་དགེ་ཆོས་ཀྱི་གསེར་ཐང་སྟོད་ཆ་ ༣༡༨ པར། དོགས་པ་ཤིན་ཏུ་ཆེ་བ་ནི། ག་ལས་འཇིགས་མེད་ལེའུ་ཐ་མ་ལྔ་ཀ་སངས་རྒྱས་བསྐྱངས་ཀྱི་འགྲེལ་བ་དེ་ག་རང་དུ་འདུག་ཅིང་། དེའི་རྒྱུ་མཚན་གྱིས་སངས་རྒྱས་བསྐྱངས་ཀྱི་ལེའུ་ཉེར་བདུན་པར་འཕགས་པ་ལྷའི་ལུང་དྲངས་པ་ཡང་ག་ལས་འཇིགས་མེད་དུ་བསླེབས་པར་འདུག ཅེས་གཞན་ནས་ཤུས།
དོགས་པ་འདི་དང་དེ་བཞིན་ནཱ་ལནྡཱ་ཞིབ་འཇུག་ཏུ་དྲངས་པ། རྒྱལ་བ་དགེ་འདུན་གྲུབ་པའི་རྣམ་རྒྱལ་གྲགས་པའི་དྲིས་ལན་ནང་། ག་ལས་འཇིགས་མེད་རང་འགྲེལ་མིན་པའི་སྒྲུབ་བྱེད་གསུམ་བཀོད་པའི། དང་པོ་ནི་དཔྱད་རིན་མེད་ཀྱང་། གསུམ་པ་གཞུང་གཉིས་པོ་ལེགས་པར་བཀླགས་དགོས་པའི་དཔྱད་གཞི་ཆེ། གཉིས་པ་དང་དགེ་ཆོས་དེ་དོན་གཅིག་ཏུ་འདུག་ཀྱང་། ཕྱི་མས་རབ་བྱེད་མཐའ་མ་བཞི་ཁྱད་མེད་དུ་བཤད་མོད། དེའང་ནོར་བ་ཡིན་ཏེ་རབ་བྱེད་མཐའ་མ་ལྔའི་འགྲེལ་བ་ཁྱད་མེད་དུ་ཡོད་པའི་ཕྱིར།
ཁོང་ཚོས་བཤད་པ་དངོས་ནི་ག་ལས་འཇིགས་མེད་རང་འགྲེལ་མིན་ཏེ་་དེའི་རབ་བྱེད་ཐ་མ་ལྔ་པོ་བུདྡྷ་པཱ་ལི་ཏ་ལས་དཔེ་ཤུས་བྱས་པའི་ཕྱིར་ཟེར་རེད། དེ་མིན་ཏེ་བུདྡྷ་པཱ་ལི་ཏའི་རབ་བྱེད་མཐའ་མ་ལྔ་པོ་རང་འགྲེལ་ག་ལས་འཇིགས་མེད་ནས་དཔེ་ཤུས་བྱས་པའི་ཕྱིར། དེ་ལྟར་མཛད་བྱང་དང་ཞེ་ཚིག་འགྲེལ་བ་བཅས་གནད་གསུམ་གྱིས་བཤད་པར་བྱ་སྟེ།
དང་པོ། ག་ལས་འཇིགས་མེད་ཀླུ་སྒྲུབ་ཀྱིས་མཛད་པ་ཡིན་ཏེ། དེའི་མཛད་བྱང་ཉིད་ཀྱིས་གསལ་བའི་ཕྱིར། དེ་ཡང་ག་ལས་འཇིགས་མེད་ཀྱི་འཇུག་ ༣༠༨ པར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་སྟོན་པ། སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ། དེ་བཞིན་གཤེགས་པའི་ཐེག་པ་བླ་ན་མེད་པའི་ཚུལ་རབ་ཏུ་འབྱེད་པ་རབ་ཏུ་དགའ་བའི་ས་བསྒྲུབས་ནས། བདེ་བ་ཅན་གྱི་ཞིང་དུ་གཤེགས་པ་འཇིག་རྟེན་གྱི་ཁམས་དང་བའི་འོད་ཅེས་བྱ་བར། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་བས་མཛད་པ་ཞེས་བྱ་བ་རྫོགས་སོ། །ཞེས་འབྱུང་བ་དང་། བུདྡྷ་པཱ་ལི་ཏར་གོང་གི་ཚིག་དེ་ག་རང་གི་མཐར། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་བས་མཛད་པ། དེའི་འགྲེལ་བ་བུདྡྷ་པཱ་ལི་ཏ་ཞེས་བྱ་བ་ཐེག་པ་ཆེན་པོ་ངེས་པའི་དོན་སྟོན་པ། ཞེས་མི་འདྲ་བའི་ཁྱད་འབྱུང་བའི་ཕྱིར་རོ།།
གཉིས་པ། གཞུང་དེ་གཉིས་ཀྱི་རབ་བྱེད་བདུན་པར། འཕགས་པ་ལྷའི་ལུང་འདྲེན་སྟངས་ཞེ་ཚིག་གི་སྒོ་ནས་ཀྱང་ཀླུ་སྒྲུབ་ཉིད་ཀྱིས་མཛད་པར་གྲུབ་སྟེ། སངས་རྒྱས་བསྐྱངས་ཀྱིས་ལུང་འདྲེན་སྐབས། སློབ་དཔོན་འཕགས་པ་ལྷས་ཀྱང་། ཉན་པ་པོ་དང་མཉན་བྱ་དང་། །སྨྲ་པོ་འབྱུང་བ་ཤིན་ཏུ་དཀོན། །དེ་ཕྱིར་མདོར་ན་འཁོར་བ་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །ཞེས་གསུངས་པའི་ཕྱིར། ཞེས་བྱུང་བ་དང་། ཡང་ག་ལས་འཇིགས་མེད་དུ་ལུང་དེ་འདྲེན་སྐབས། བཙུན་པ་འཕགས་པ་ལྷས་ཀྱང་། ཉན་པ་པོ་དང་མཉན་བྱ་དང་། །སྨྲ་པོ་འབྱུང་བ་ཤིན་ཏུ་དཀོན། །དེ་ཕྱིར་མདོར་ན་འཁོར་བ་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །ཞེས་བཤད་དོ། ཞེས་འབྱུང་བའི་ཕྱིར། དེས་ན་སྔ་མར་རང་ལས་གོང་མ་ཡིན་ཕྱིར་ཞེ་ཚིག་ཡོད་པ་དང་། ཕྱི་མར་རང་ལས་མཉམ་པའམ་དམན་པ་ཡིན་ཕྱིར་ཞེ་ཚིག་མེད་པའི་ཁྱད་ཡོད་པའི་ཕྱིར་རོ།།
ཡང་བསྒྱུར་གཞི་གཅིག་ལ་སྒྱུར་བ་པོ་ཐ་དད་པས་ཁྱད་ཤོར་བར་དོགས་ནའང་། དེ་མིན་པར་དཔྱད་གཞིའི་གཞུང་དེ་གཉིས་ཀ་རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་བོད་ཀྱི་ལོ་ཙཱ་བ་ཉི་ཟླ་ཟུང་དུ་གྲགས་པའི་ཡ་རྒྱལ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བར། གཞུང་གཉིས་ཀའི་འགྱུར་བྱང་དུ་གསལ་བ་དང་། དེ་བཞིན་ག་ལས་འཇིགས་མེད་རང་འགྲེལ་ཡིན་པ་ལོ་ཙཱ་ཆེན་པོ་སྐ་དཔལ་གྱིས་ཀྱང་བཞེད་པར་ཐོས།
གསུམ་པ། འགྲེལ་བའི་ཚིག་མང་ཉུང་གིས་ཀྱང་ཤེས་པར་འདུག་སྟེ། ག་ལས་འཇིགས་མེད་མགོ་ནས་འཇུག་བར་ཚིགས་བཅད་འགའ་རེ་ལས་གཞན་མང་ཆེ་བར་འགྲེལ་བ་ཚིག་ཉིང་ངུ་དང་། བུདྡྷཱ་པ་ལི་ཏར་རབ་བྱེད་ཉེར་གཉིས་བར་ཚིགས་བཅད་འགའ་རེ་ལས་མང་ཆེ་བར་ག་ལས་འཇིགས་མེད་ལ་ལྟོས་ན་འགྲེལ་བ་ཚིག་རྦད་དེ་མང་ང་དང་རབ་བྱེད་ཉེར་གསུམ་ནས་བཟུང་ཉེར་བདུན་བར་འགྲེལ་བ་ཚིག་ཉུང་དུ་ཕྱིན་པ་འདིས་ཀྱང་གོང་གི་འདོད་པ་ལྟར་མིན་པར་རང་འགྲེལ་ག་ལས་འཇིགས་མེད་ཉིད་ལས་དཔེ་ཤུས་བྱས་པར་མངོན་ནོ། །དཔྱད་གཞི་ཙམ་དུ་བཀོད་པ་ཡིན།
༢༠༢༠/༠༥/༡༥ ཉིན་ཚེ་ནོར་ནས་ཤར་མར་བྲིས་པས་མཛུབ་མོས་གནོན་ནོར་ཤོར་བའི་ཡིག་ནོར་ཡོད་ན་དགོངས་དག་ཞུ།
༣༽ ཡུམ་སྲས་བཅུ་བདུན། རྒྱ་འགྲེལ་ཉེར་གཅིག་འཕྲོས་པའི་གཏམ།
༡. ཡུམ་སྲས་བཅུ་བདུན།
སྐབས་འདིར་བཀའ་དམ་པ་བཅོམ་ལྡན་རིག་རལ་གྱིས། ཡུམ་སྲས་བཅུ་བདུན་གྲངས་ཆད་པའི་སྐྱོན་དང་། ཐ་སྙད་ཀྱང་བསྟན་བཅོས་ཁུངས་མ་ལས་མི་འབྱུང་བས། མི་འཐད་པར་བཞེད་ཅིང་གསེར་ཕྲེང་དེའི་རྗེས་སུ་འབྲང་། མ་ཟད་མདོ་སྡུད་པ་ཁྲི་བརྒྱད་སྟོང་པའི་ལེའུ་གྱ་བདུན་ལས་གྱ་བཞི་པ་ཡིན་པས། སོ་སོར་བགྲང་བའམ་འབྲིང་དང་བསྡུས་པའི་དོན་དུ་བྱེད་པ་ནི། ནོར་ཞིང་གླེགས་བམ་ཙམ་ཡང་མ་མཐོང་བར་སྟོན་པ་ཡིན་ཏེ་སོགས། གོང་འོག་གཉིས་ནས་གནོད་བྱེད་གསུམ་སྟོན་པར་བྱེད་དོ།།
དང་པོ་དང་གཉིས་པའི་ལན་དུ་མཆན་འགྲེལ་པུཎྜ་རི་ཀའི་དོ་ཤལ་ལས། འོན་ཀྱང་ཡུམ་སྲས་བཅུ་བདུན་ནི་བོད་དུ་ཐོག་མར་ཆོས་བསྒྱུར་དུས་ཀྱི་འགྱུར་ཟིན་གྱི། ཐ་སྙད་ལས་དེར་གྲངས་ངེས་མཛད་པ་མིན་པར་ངེས་ཏེ། པདྨ་བཀའ་ཐང་དུ། ཕ་རོལ་ཕྱིན་པ་ཡུམ་སྲས་བཅུ་བདུན་དང་། །ཤེར་ཕྱིན་སྟོང་ཉིད་གཙོར་བཏོན་མདོ་མང་འགྱུར། །ཞེས་ལན་གཉིས་ལྷན་གཅིག་ཏུ་བཏབ་པར་སེམས་སོ།།
འདིར་ཁ་ཅིག ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་ཀོོ་ཤི་ཀའི་མདོ་ལས་བྱུང་ཞེས་ལུང་འདྲེན་པར་བྱེད་མོད། འོན་ཀྱང་འགས་བརྟགས་ན། ལུང་དེ་གཟུངས་བསྡུས་སུ་བྱུང་བ་ལས་བཀའ་འགྱུར་ཁྲོད་དུ་བཞུགས་པའི་ཀོོ་ཤི་ཀའི་མདོ་ལས་མི་བྱུང་བས། བོད་ཀྱིས་བྱས་པར་མངོན་ཞེས་འཆད་པས་དཔྱད་དགོས། འདིར་རྒྱལ་བའི་བཀའ་འགྱུར་ལ་གཟིགས་པའི་ཚེ་ནའང་། ཇི་ཙམ་རྙིང་པ་དེ་ཚོ་ཁུངས་སུ་བྱེད་དགོས་པ་ལས། གསར་པ་དེ་ཚོར་གྲུབ་མཐའི་ཕྱོགས་ཞེན་གྱིས་བཅོས་ལྷད་མེད་པའི་ཡིད་ཆེས་མེད།
གསུམ་པའི་ལན་ནི། མཁན་ཆེན་བརྩོན་འགྲུས་ཀྱི་འགྲེལ་པར་མཁན་པོ་དག་གིས་དམིགས་བསལ་ཁྲི་བརྒྱད་སྟོང་པའི་ལེའུ་གྱ་བཞི་པ་ལོགས་སུ་བཀར་ནས་འགྲེལ་བ་ཡང་ཡང་མཛད་པ་དེས། སོ་སོར་བགྲང་བའི་རྒྱུ་མཚན་ཡོད་པར་གསུངས་པ་དེས་ཆོག་པ་ཡིན་ནོ། །གླེགས་བམ་མ་མཐོང་བར་གསུངས་པ་ནི། མཉམ་པར་མ་བཞག་པའི་ཚིག་མིན་ནམ་སྙམ།
དེ་བཞིན་ཁ་ཅིག་(སུ་ཡིན་དཔྱད་དགོས།)མངོན་རྟོགས་བརྒྱད་ཕྱེ་ནས་ཆ་ཚང་བར་སྟོན་པ་ཡུམ་དང་། བརྒྱད་དུ་མ་ཕྱེས་ཤིང་གང་རུང་བརྗོད་བྱ་བྱེད་པ་སྲས་ཀྱི་དོན་དུ་བཤད་པར། རིག་རལ་གྱིས་ཡུམ་སྲས་ཀྱི་དོན་མི་འཐད་པར་གསུངས་ཀྱང་། མི་འཐད་ཚུལ་གྱི་རྒྱུ་མཚན་གསེར་ཕྲེང་དུ་བཀོད་མེད།
༢. རྒྱ་འགྲེལ་ཉེར་གཅིག
གསེར་ཕྲེང་དུ་ཁ་ཆེ་དྷརྨ་ཤྲཱིས་མཛད་པར་གྲགས་པའི། འབུམ་འགྲེལ་ལམ་སྟོང་ཕྲག་བརྒྱ་པའི་བཤད་པ་དེ། བོད་ཚིག་དུ་མ་བྱུང་བས་རྒྱ་འགྲེལ་མིན་པ་དང་། དེ་བཞིན་དེས་མཛད་པའི་སྡུད་འགྲེལ་ཤེར་ཕྱིན་མཛོད་ཀྱི་ལྡེ་མིག་ཀྱང་། རྒྱུ་མཚན་མ་གསུངས་ཀྱང་ལོ་ཙ་བའམ་བོད་གཞན་ཞིག་གིས་བྱས་པར་སྙམ་མོ་གསུངས།
ཡུམ་གསུམ་དོན་བརྒྱད་ཀྱིས་མཐུན་པར་བསྟན་པ་འདི་ཡང་། ནུས་པ་ཆུང་ཞིང་མདོ་དང་སྦྱར་ཚུལ་ལ་སྐྱོན་ཆགས་པ་འགའ་ཟུང་འདུག་པས། མཁས་པ་ཆེན་པོ་སྨྲི་ཏི་ཛྙཱ་ནའི་གསུང་ཡིན་མིན་དཔྱད་གཞིར་གསུངས། ཁ་ཆེ་བུདྡྷ་ཤྲཱིའི་ཤེས་རབ་སྒྲོན་མེར་ཡང་བོད་ཚིག་དུ་མ་སྣང་བས། ཇོ་བོའི་སློབ་མའམ་བོད་གཞན་གྱིས་བྱས་པར་སེམས་ཞེས་གསུངས་པས། དེ་བཞི་རྒྱ་འགྲེལ་དག་མ་ཡིན་མིན་དཔྱད་གཞི་ཡིན།
ལྷག་མ་བཅུ་བདུན་པོ་ལས། སྡུད་འགྲེལ་རྟོགས་སླ་སློབ་དཔོན་གྱི་ཡིན་མིན་དོགས་གཞིའི་སྟེང་ནས། གནད་ཀྱི་ཟླ་འོད་ལ་བརྟེན་ནས་ཡིན་པའི་ཕྱོགས་སུ་མཛད། སློབ་དཔོན་གྱི་མིན་པར་སྨྲ་མཁན་ཡང་། རོང་སྟོན་དང་རྔོག་ལོ་གཉིས་གསུངས་པ་མིན་ནམ་སྙམ།
རྒྱན་གྱི་རྩ་བའི་མདོ་ནི་གསེར་ཕྲེང་ལས། རྒྱན་འདིས་བསྟན་པའི་མངོན་རྟོགས་ཀྱི་རིམ་པ་རྣམས་དང་སྦྱར་རུང་ཡོད་པའི་མདོ་རྣམས་ནི། འདིའི་རྩ་བའི་མདོ་ཡིན་ལ་གསུངས་ཤིང་། གྲངས་ངེས་མ་མཛད་པས་ཤིན་ཏུ་ལེགས་པར་མཐོང་སྟེ། རྒྱལ་བའི་བཀའ་རྒྱ་ཆེ་བས་ཚད་བཟུང་དུ་མེད་པའི་ཕྱིར། མདོ་རྒྱན་སྦྱར་བའི་ཚད་ཀྱང་གསེར་ཕྲེང་ལས། སྔར་བཤད་པའི་མཛོད་ཀྱི་ལྡེ་མིག་ལ་མདོ་ཚིག་དངོས་སུ་དྲངས་པ་མི་སྣང་ཡང་། སྡུད་པའི་དོན་ཚན་རྣམས་སོ་སོར་བཅད་ནས་མངོན་རྟོགས་དང་སྦྱར་བས། མདོ་སྦྱོར་ལ་བགྲངས་སོ་གསུངས། འདིས་དོན་གཉིས་བསྟན་ཏེ། མདོའི་བརྗོད་བྱའི་དོན་ཚན་རྣམས་སོ་སོར་བཅད་ནས། མངོན་རྟོགས་རྒྱན་གྱི་རིམ་པ་དང་སྦྱར་བ་མདོ་རྒྱན་སྦྱར་བའི་ཚད་དང་། གཉིས་པ་མདོ་རྒྱན་སྦྱར་བ་ཡིན་ན་མདོ་ཚིག་དངོས་སུ་ཡོད་པའི་ངེས་པ་མེད་པར་བཤད་དོ།།
དེས་ན་མདོ་རྒྱན་སྦྱར་བའི་འགྲེལ་བ་བཅུ་གཉིས་དང་བསྟུན་ན། བཤད་བྱ་རྩ་བའི་མདོ་བཞིའམ་ལྔ་གསུངས། ལྔ་གསུང་དགོས་དོན་ནི། སྡུད་པ་ཁྲི་བརྒྱད་སྟོང་ལས་སོ་སོར་བགྲང་བའི་དབང་དུ་བྱས་སོ། །འདིས་ཤུགས་ལ་རྒྱན་གྱི་བཤད་བྱ་རྩ་བའི་མདོ་ལ་གྲངས་ངེས་ཀྱི་མཐའ་བཟུང་མེད། འདི་ལེགས་པར་གསུངས་པར་མཐོང་ངོ་། །རང་གི་བློ་ལ་ངེས་ཕྱིར་ ༢༠༢༠/༠༦/༡༧ ཉིན་ཚེ་ནོར་ནས།
༤༽ ཡུམ་ཤེར་ཕྱིན་ལ་རོབ་ཙམ་ལྟ་བའི་རྒྱང་ཤེལ།
བརྒྱུད་རིམ་དང་པོ། ཕར་ཕྱིན་བརྒྱུད་ནས་གླེང་བ།
ཕར་ཕྱིན་ཅུང་ཙམ་མ་གླེངས་ན། ཡུམ་ཤེར་ཕྱིན་ཚོད་དཔག་དཀའ་བས། ཕར་ཕྱིན་གྱི་ལམ་ནས་ཅུང་ཟད་གླེང་ན། དང་པོ་སྤྱིར་ཕར་ཕྱིན་ལ་ཤེས་རབ་ཕར་ཕྱིན་གྱིས་ཟིན་པས་ཁྱབ་པ་རྒྱལ་བའི་ཡུམ་ཟབ་མོ་ལས་གྲུབ་སྟེ་རྒྱལ་བའི་ཡུམ་ཤེར་ཕྱིར་སྟོང་ཕྲག་རྒྱ་པ་ལས། རབ་འབྱོར་དེ་བཞིན་དུ་ཕ་རོལ་དུ་ཕྱིན་པ་ལྔ་ཡང་ཤེས་རབ་ཕ་རོལ་དུ་ཕྱིན་པས་ཡོངས་སུ་ཟིན་ན་རྣམ་པ་ཐམས་ཐད་མཁྱེན་པ་ཉིད་ག་ལ་བ་དེར་འདོང་ངོ་ཞེས་དང་། ཁྲི་བརྒྱད་སྟོང་པའི་ལེའུ་གྱ་བཞི་པ་ལས་ཀྱང་མང་དུ་བྱུང་ངོ་།།
གཉིས་པ་ཕར་ཕྱིན་ལ་མི་རྟོག་ཡེ་ཤེས་ཀྱིས་ཟིན་པས་ཁྱབ་སྟེ། བྱམས་པ་མགོན་པོས། མདོ་སྡེ་རྒྱན་ལེའུ་བཅུ་བདུན་ཕར་ཕྱིན་དང་བསྡུ་དངོས་ཀྱི་ལེའུ་ལས། རྣམ་པར་མི་རྟོག་ཡེ་ཤེས་ལྡན། །ཞེས་གསུངས་ཤིང་ཀུན་གྱི་ཁས་ལེན་པ་ཡིན་ནོ། །ཡང་འཁོར་གསུམ་དུ་མི་དམིགས་པས་ཁྱབ་པར་ཟླ་གྲགས་ཀྱིས་དབུ་མ་ལ་འཇུག་པའི་སེམས་བསྐྱེད་དང་པོ་ལས། སྦྱིན་པ་སྦྱིན་བྱ་ལེན་པོ་གཏོང་པོས་སྟོང་། །འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ཞེས་བྱ། །ཞེས་དང་། དེའི་རང་འགྲེལ་ལས་ཀྱང་ཤིན་ཏུ་གསལ་ཞིང་གཞན་ཡང་དབུ་མའི་སློབ་དཔོན་ཕལ་གྱིས་བཞེད་ཀྱང་དགོས་དོན་འདི་ཙམ་གྱིས་ཆོག་པར་བྱས་སོ།།
བརྒྱུད་རིམ་གཉིས་པ། མི་རྟོག་ཡེ་ཤེས་དང་ཤེས་རབ་ཕར་ཕྱིན་གླེང་བ།
དེ་གཉིས་ཁྱད་མེད་དམ་དོན་གཅིག་ཏུ་འཕགས་པ་ཐོགས་མེད་བཞེད་དེ། ཐེག་བསྡུས་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཁྱད་པར་མེད་དེ་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས་མི་གནས་པའི་ཚུལ་གྱིས་དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་སྒོམ་པ་ཡོངས་སུ་རྫོགས་པར་བྱེད་དོ། ཞེས་དང་། དེ་བཞིན་ཤནྟི་པས་ཉི་ཁྲི་དག་ལྡན་ལས། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ་རྣམ་པར་གཡེང་བའི་རྣམ་པར་རྟོག་པ་བཅུའི་གཉེན་པོའོ་ཞེས་ཀྱང་གསུངས་པ་ཡིན་ནོ། འོན་ཀྱང་གསེར་ཕྲེང་དུ་དེའི་དགོངས་པ་ས་བཅུའི་མཉམ་བཞག་ཡེ་ཤེས་རྣམས་ཤེར་ཕྱིན་མཚན་ཉིད་པ་སོ་སྐྱེས་དང་སངས་རྒྱས་ཀྱི་དེ་བཏགས་པ་བར་བཀྲལ། འོན་ཀྱང་གཞུང་ལས་སངས་རྒྱས་ཀྱི་མི་རྟོག་ཡེ་ཤེས་ཤེར་ཕྱིན་གྱི་འབྲས་བུར་གསུངས་ཀྱང་དེ་ནི་འབྲས་བུ་ཤེར་ཕྱིན་དུ་སྨྲོས་པ་དང་གཅིག་མཚུངས་ཡིན་པས་བཏགས་པ་བར་ཇི་ལྟར་གྲུབ་དཔྱད་གཞི་ཡིན་ནོ། དག་ལྡན་ལས་བྱུང་བ་འདི་ཐེག་བསྡུས་ལས་ཀྱང་བྱུང་བ་གསེར་ཕྲེང་དུ་ལུང་འདྲེན་བྱས་ཡོད།
བརྒྱུད་རིམ་གསུམ་པ། ཤེར་ཕྱིན་མཚན་བཏགས་ཀྱི་སྒོ་ནས་གླེང་བ།
མཛད་པ་པོ་མ་ངེས་པ་གཞུང་གསུམ་གནོད་འཇོམས་དང་། འབུམ་གྱི་གནོད་འཇོམས་དང་། མན་ངག་རྗེས་འབྲང་དུ། འབྲས་བུ་ཤེར་ཕྱིན་མཚན་ཉིད་པ་དང་། ལམ་གཞུང་དག་བཏགས་པ་བར་བཞེད་པར་གསེར་ཕྲེང་དུ་བཀྲལ། ཕྱོགས་གླང་དང་སེང་བཟང་གི་རྒྱན་སྣང་ལས་མཚན་བཏགས་གོང་ལྟར་ཡིན་ཡང་། དེ་ནི་གཙོ་ཕལ་ལ་དགོངས་ཞེས་རྒྱན་སྣང་གི་ལུང་ལས་གསེར་ཕྲེང་དུ་བཀྲལ་ཞིང་། ཚིག་གསལ་ཡང་དེའི་ལུགས་ཡིན་པར་བཞེད། དག་ལྡན་ལས་ལམ་མཚན་ཉིད་པ་དང་གཞན་བཏགས་པ་བར་བཞེད། གསེར་ཕྲེང་ལས་ལམ་འབྲས་མཚན་ཉིད་པ་དང་གཞི་གཞུང་གཉིས་བཏགས་པ་བ་དང་ཤེར་ཕྱིན་ལ་སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་ཁྱབ་པ་ཁས་ལེན་ཞིང་དཔལ་སྤྲུལ་སྤྱི་དོན་དེའི་རྗེས་སུ་འབྲང་བ་ཡིན།
བརྒྱུད་རིམ་བཞི་པ། གསེར་ཕྲེང་བརྒྱུད་ནས་གླེང་བ།
ཆོས་ཀྱི་མཆེད་པོ་འགས། དེ་ལས་ཤེར་ཕྱིན་དང་ཤེས་རབ་ཕར་ཕྱིན་ཁྱད་འབྱེད་དགོས་པ་མིན་ནམ་སྙམ་པར་བཤད། རྒྱུ་མཚན། ཤེར་ཕྱིན་ནི་མཚན་ཉིད་དེས་དེ་ནི་ཚོགས་སྦྱོར་ན་མེད་པར་གྲུབ་ལ། ཤེས་རབ་ཕར་ཕྱིན་ནི་འོག་ཏུ་གོ་སྒྲུབ་འཆད་སྐབས་ས་མཚམས་མོས་སྤྱོད་དུ་བཞག་པར་བཤད་ཅིང་། དེར་མ་དྲངས་པའི་མདོ་ལུང་གི་ཁུངས་ཀྱང་དྲངས་བྱུང་།
དེ་ལ་ཁོ་བོས་རེ་ཞིག་གིས་བརྟག་པ། དེའི་སྐབས་སུ་ཤེས་རབ་ཕར་ཕྱིན་གྱི་མཚན་ཉིད་ཆོས་རབ་ཏུ་རྣམ་འབྱེད་ཆོས་བཞི་ལྡན་ནོ་གསུངས་ཤིང་། ཆོས་བཞི་ཡང་མདོ་རྒྱན་གྱི་ལུང་དེ་འདྲེན་ཞིང་། མ་ཟད་གྲོགས་དེས་ཆོས་ཀྱི་བདག་མེད་རྟོགས་པས་རྣམ་པར་མི་རྟོག་པ་དང་ལྡན་པར་གསུངས་ན། ལུགས་དེས་མི་རྟོག་ཡེ་ཤེས་མོས་སྤྱོད་ན་ཡོད་པར་འདོད་དམ་དཔྱད་དགོས་སོ། །ཁོ་བོས་ནི་མི་འདོད་པར་སེམས་ཏེ། གསེར་ཕྲེང་ལས། ལམ་དང་པོ་གཉིས་ལ་ཕར་ཕྱིན་གྱི་སྒྲ་འཇུག་ཀྱང་མཚན་ཉིད་པ་མིན་ནོ། །ཞེས་གསུངས་པ་ལྟར་ན་ས་མཚམས་ཀྱང་དེའི་དབང་དུ་མིན་ནམ་སྙམ་པའི་དཔྱད་གཞིའོ།།
བརྒྱུད་རིམ་ལྔ་པ། ཤེར་ཕྱིན་དངོས་ལ་བརྟག་པ།
གསེར་ཕྲེང་དུ་ཤེར་ཕྱིན་ལ་སྤྲོས་བྲལ་མངོན་སུམ་དུ་རྟོགས་པས་ཁྱབ་པ་དང་། མོས་སྤྱོད་ན་མེད་པའི་ཁུངས་བཙལ་ཚེ་གྲོགས་མཆོག་པདྨ་རྒྱལ་མཚན་ནས་མདོ་འདི་འདྲེན། ཤེར་ཕྱིན་ཀུན་ཏུ་བཟང་པོའི་མདོ་ལས། ཤེས་རབ་འདྲ་བ་ནི་འཇིག་རྟེན་ཚོགས་ཀྱི་ལམ་པ་རྣམས་ཀྱི་ཤེས་རབ་གང་ཡིན་པའོ། །ཤེས་རབ་ཡིན་པ་ནི་ས་དང་པོ་ཡན་ཆད་ཀྱི་ཤེས་རབ་ཡིན་པའོ། །ཞེས་གསུངས་པས་ན་འོག་ཏུ་ཅུང་ཟད་བརྟག་པར་འདོད།
བརྒྱུད་རིམ་དྲུག་པ། ཞོར་འཕྲོས་རང་ལུགས་བརྟག་པ།
རང་ལུགས་སྤྲོས་བྲལ་རྟོགས་པའི་བློ་ལ་མི་རྟོག་ཡེ་ཤེས་ཀྱིས་ཁྱབ་པར། མི་ཕམ་པའི་གཞུང་སྤྱིའི་འགྲོས་དང་མ་ཟད་ཤན་འབྱེད་བློ་གྲོས་སུ་རྣམ་རྟོག་དང་རྣམ་ཤེས་དོན་གཅིག མི་རྟོག་པའི་བློ་དང་ཡེ་ཤེས་དོན་གཅིག་ཏུ་དོན་གྱིས་ཞལ་བཞེས་མཛད། ཤེབ་རབ་ཕར་ཕྱིན་དང་མི་རྟོག་ཡེ་ཤེས་དོན་གཅིག་ཡིན་པར། རྒྱ་གཞུང་ཐེག་བསྡུས་ལས་གསུངས་པ་ལྟར་རང་ལུགས་ཀྱང་ཡིན་པར་སེམས་ཏེ། དབུ་མ་རྒྱན་འགྲེལ་ལས། དེས་ན་ཇི་སྲིད་འཛིན་པ་དང་བཅས་ཤིང་། བདེན་གཉིས་རོ་གཅིག་ཏུ་མ་གྱུར་པ་དེ་སྲིད་དུ། རྣམ་པར་རྟོག་པའི་བློ་ཡི་སྤྱོད་ཡུལ་ལས་མ་འདས་པས། སྒྲོ་འདོགས་སོ་གཉིས་དང་བྲལ་བའི་ཤེར་ཕྱིན་མཚན་ཉིད་པ། རྣམ་པར་མི་རྟོག་པའི་ཡེ་ཤེས་མི་འཐོབ་པར་གསུངས་ན་དོན་གྱིས་འབབ་པར་སྣང་ངོ་།།
འདིར་བསམ་དགོས་པ་ཞིག
བཀའ་བསྟན་སྤྱི་དང་བྱེ་བྲག་རང་གཞུང་ཀུན་དང་འགལ་བར། ཆོས་ཉིད་བདེན་པ་རྣམ་ཤེས་སམ་རྣམ་རྟོག་གི་ཡུལ་དུ་ཁས་ལེན་ན་མ་གཏོགས། སྤྲོས་བྲལ་རྟོགས་པའི་བློ་ཀུན་མི་རྟོག་ཡེ་ཤེས་ཡིན་པར། ཆོས་ཉིད་རྣམ་འབྱེད་དུ་གསུངས་པ་ལྟར། མཚན་ཉིད་ལྔ་ལྡན་དུ་འོས་མེད་ཁས་ལེན་དགོས་པ་ཡིན་ནོ། །ཀུན་མཁྱེན་ཀློང་ཆེན་པས་ཀྱང་སྦྱོར་ལམ་མཉམ་བཞག་ཡེ་ཤེས་མི་རྟོག་པར་གསུང་དགོས་པའང་དེ་ལ་ཐུག་པར་སེམས། དེས་ན་སྤྲོས་བྲལ་རྟོགས་པའི་བློ་དང་མི་རྟོག་ཡེ་ཤེས་ཤེར་ཕྱིན་མཚན་ཉིད་པ་རྣམས་དོན་གཅིག་ཡིན། ས་མཚམས་ཀྱང་ལམ་མ་ཞུགས་ནས་སངས་རྒྱས་སའི་བར་ཡིན་ལ། མངོན་སུམ་ཡིན་པས་ཁྱབ་པའང་ཁུངས་གསལ་ཁ་མི་རྙེད་ཅིང་། ཤེར་ཕྱིན་དང་ཤེས་རབ་ཕར་ཕྱིན་ཡང་དོན་གཅིག་ལས་དོན་ཐ་དད་མིན་པ་གོང་དུ་ཟུར་ཙམ་དོན་གྱིས་སྨྲོས་ཟིན། འདི་ངའི་དམ་བཅའ་ཡིན།
བརྒྱུད་རིམ་བདུན་པ། མོས་སྤྱོད་ནའང་ཤེར་ཕྱིན་ཡོད་པའི་ཁུངས་བསྟན་པ།
ཤེར་ཕྱིན་ཟླ་བའི་སྙིང་པོ་ལས། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གཉིས་ཏེ། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའོ། །རིགས་ཀྱི་བུ་དེ་ལ་ཟག་པ་དང་བཅས་པའི་ཤེས་རབ་ནི། མོས་པས་སྤྱོད་པའི་གནས་སྐབས་ན་གཟུང་བར་རྟོག་པ་དང་། འཛིན་པར་རྟོག་པ་སྟེ། དེ་སྤོང་བར་བྱེད་པ་ནི་ཟག་དང་བཅས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རིགས་ཀྱི་བུ་དེ་ལ་ཟག་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མཐོང་བའི་ལམ་གྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ཡེ་ཤེས་དེ་ནི་རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་ན་མི་རྟོག་པའི་ཕྱིར་རོ། །ཞེས་གསུངས་པ་འདིས་ཤེར་ཕྱིན་ལ་རྟོག་རྟོག་མེད་གཉིས་ཀ་ཡོད་པར་ཤིན་ཏུ་གསལ་བ་ཡིན། (ལུང་མཁོ་སྤྲོད་གནང་མཁན་པདྨ་རྒྱལ་མཚན་ལ་བཀའ་དྲིན་ཆེ་ཞུའོ།།)
བརྒྱུད་རིམ་བརྒྱད་པ། ལུང་འགལ་སྤོང་བ།
ཤན་འབྱེད་བློ་གྲོས་སྣང་བར་ཁམས་གསུམ་གྱིས་བསྡུས་པའི་སེམས་སེམས་བྱུང་ཐམས་ཅད་རྣམ་རྟོག་ལས་མི་འདའ་བར་གསུངས་པས། འགལ་ལོ་སྙམ་ན། དེ་ནི་རྣམ་ཤེས་ལ་དགོངས་ཀྱི་སོ་སྐྱེས་ཤེར་ཕྱིན་ཁམས་གསུམ་གང་རུང་གིས་བསྡུས་ཀྱང་མི་རྟོག་པའི་ཕྱིར་རོ། །གོང་གི་ཟླ་བའི་སྙིང་པོའི་མདོ་ལུང་ཡང་རེ་ཞིག་ཤེས་རབ་འདྲ་བ་ནི་རྗེས་མཐུན་ཙམ་རྟོགས་པས་དང་། ཤེས་རབ་ཡིན་པ་ནི་མངོན་སུམ་རྟོགས་པས་ཡིན་མིན་སོགས་ལེགས་པར་དཔྱད་དགོས་པ་ཡིན་ནོ། །དཔྱད་གཞིར་བྲིས་ཤིང་ཐག་བཅད་པ་མིན་པས་དགག་སྒྲུབ་ཡོད་ན་དགའ་སྤྲོའི་མེ་ཏོག་ཅིས་ཀྱང་འཐོར་རོ།།
༢༠༢༠/༠༦/༢༠ ཉིན། དེ་ཡི་ཐུགས་ལ་བརྣགས་པའི་ཆོས་བཟུང་ན། །དགོངས་པ་ཡོངས་སུ་རྫོགས་པར་འགྱུར་ཞེས་གསུངས། །ཞེས་པ་ལྟར་རྒྱལ་ཀུན་ཡེ་ཤེས་གཅིག་འདུས་ཀྱི་ངོ་བོ། དུས་ཀྱི་སྒྲོན་མེ་གཅིག་པུར་གྱུར་བ་གང་གི་འདས་མཆོད་ཀྱི་ཉིན་མོར་མཆོད་སྤྲིན་དུ་ཕུལ་བ་དགེའོ། །ཚེ་ནོར་ནས་བརྗེད་བྱང་དུ་བཀོད།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།