སློབ་དཔོན་པདྨ་ནོར་བུ།
ནང་ལྟར་བྱང་སེམས་འགྲོ་ཀུན་བུ་ལྟར་སྐྱོང།།
གསང་བ་ཆོས་ཀུན་དག་མཉམ་ཐིག་ལེར་རྫོགས།།
ང་དགུར་བོད་ཡུལ་རྒྱ་དམར་བཙན་འོག་ཏུ།།
མུན་ནག་སྨག་རུམ་འཐིབས་པའི་ནམ་གུང་དེར།།
མེས་པོའི་ཤུལ་བཞག་རྒྱལ་བསྟན་རིན་པོ་ཆེ།།
གསོ་ཕྱིར་ཐུགས་བསྐྱེད་དམ་བཅའ་བྲག་ལས་སྲ།།
ཕྱར་བ་གྲུ་འདེགས་མེད་པའི་ཁེར་རྐྱང་ཞིག།
འགྲོ་གྲོན་ལྔ་བརྒྱ་ཙམ་ལས་མེད་པ་སྟེ།།
མཐུན་རྐྱེན་ཧ་ཅང་དཀོན་པའི་དུས་ཚོད་ཅིག།
དཀའ་སྡུག་གདོང་ལེན་བགྱིས་པ་བརྗོད་མི་ལང་།།
ཆོས་ནས་འགྲེལ་ན་སངས་རྒྱས་སྐུ་དངོས་ཤིག།
འཇིག་རྟེན་ལྟར་ན་དྲང་ཚུགས་ཡ་རབས་ཅན།
ཆོས་འཇིག་གང་ནས་དཔྱད་ཀྱང་ཚུལ་མཐུན་ཅན།།
ཀུན་གྱི་མིག་ལ་མཛེས་པ་ཁྱེད་ཉིད་རྒྱལ།།
ལུང་རྟོགས་དམ་ཆོས་བསྟན་པ་གཉིས་པོ་སྟེ།།
བཤད་སྒྲུབ་འཁོར་ལོའི་འཛིན་སྐྱོང་སྤེལ་གསུམ་ལ།།
ཡ་མ་བྲལ་བའི་ཐུན་མིན་མཛད་བཟང་དེ།།
ཀུན་གྱི་མིག་དཔེར་འོས་པ་ཁྱེད་ཉིད་རྒྱལ།།
བསླབ་ལྡན་དགེ་སྦྱོང་མཁན་པོ་མང་བ་ཞིག།
གཞུང་ལུགས་རབ་འབྱམས་སློབ་དཔོན་མང་བ་ཞིག།
རིམ་གཉིས་རྣལ་འབྱོར་རྡོར་སློབ་མང་བ་ཞིག།
རྒྱལ་བའི་ལུང་རྟོགས་མ་ཉམས་ཁྱེད་ཀྱི་དྲིན།།
ཚད་ལྡན་བཤད་སྒྲུབ་བསྟི་གནས་བཟང་བ་ཞིག།
གཞིས་ནས་གྱེས་པའི་བུ་དགོན་མང་བ་ཞིག།
འཛམ་གླིང་གང་སར་སློབ་ཚོགས་ཆེ་བ་ཞིག།
ཁྱེད་ནི་ནོར་བུ་ནང་གི་ནོར་བུ་ཞིག།
ཕ་ཆོས་མདོ་སྒྱུ་སེམས་གསུམ་ནང་རྒྱུད་གསུམ།།
སྨིན་གྲོལ་དབང་ལུང་ཁྲིད་གསུམ་བཀའ་གཏེར་ཏེ།།
དཔལ་ཡུལ་རིག་འཛིན་གོང་མའི་ཕྱག་བཞེས་སོགས།།
མ་ཉམས་རྒྱུན་འཛིན་དར་རྒྱས་ཁྱེད་ཀྱི་དྲིན།།
རྒྱ་བལ་བོད་འབྲུག་བཞི་གཙོས་གང་སར་གྱི།།
མགོན་མེད་ཉམ་ཆུང་མི་རིགས་སྣ་ཚོགས་ཀྱི།།
འདི་དང་ཕྱི་མའི་མདུན་ལམ་ཁྱེད་ཀྱིས་བསྐྲུན།།
ཀུན་འབྱུང་ཡིད་བཞིན་ནོར་བུ་ཁྱེད་ཉིད་རྒྱལ།།
གང་སྐུ་ཁ་བའི་ལྗོངས་སུ་བལྟམས་མོད་ཀྱང་།།
གང་གི་མཛད་ཕྲིན་རྒྱལ་ཁམས་ཀུན་ལ་འཚེར།།
གང་གི་རིགས་རྒྱུད་བོད་མི་ཡིན་མོད་ཀྱང་།།
གང་གི་བྱམས་བརྩེ་འགྲོ་ལ་ཉེ་རིང་མེད།།
ཁྱེད་ཉིད་དྲན་ན་དགེ་སེམས་ངང་གིས་འཕེལ།།
ཁྱེད་ལ་མོས་ན་ཉོན་མོངས་ངང་གིས་ཞི།།
ཁྱེད་ཀྱིས་ཅི་གསུངས་རྣ་བར་སྙན་པ་ཞིག།
ཅི་མཛད་ཅི་རོལ་ཐམས་ཅད་ཡོན་ཏན་ཉིད།།
ཆུང་དུས་ནར་མ་གསོན་པའི་བསོད་ཆུང་ང་།།
གང་ཉིད་མདུན་དུ་ཡོད་ཀྱང་ཚོར་བ་མེད།།
ད་ཆ་གང་གི་རྣམ་ཐར་མཇལ་ཐེངས་རེར།།
ཤིན་ཏུ་དད་ཅིང་སླར་ཡང་མཇལ་བར་སྤྲོ།།
བླ་མའི་དབུས་ན་བརྗིད་པའི་དཔའ་བོ་ཁྱེད།།
བདག་གི་སྐྱབས་མཆོག་གུ་རུ་ཁྱེད་ཉིད་ཡིན།།
ནམ་ཡང་མི་བརྗེད་བྱིན་རླབས་དངོས་གྲུབ་ཞུ།།
སེང་ཆེན་ཡིད་བཞིན་ནོར་བུ་ཁྱེད་མཁྱེན་ནོ།།
༢༠༢༡/༠༨/༠༨
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།