ལྷོ་གོ་ཆ། སྔ་འགྱུར་མཐོ་སློབ་ཆེན་མོ།
༡༽ ཐིའུ་སི་ལ་བཀའ་དྲིན་ཆེ་ཞུ།
དེབ་འདི་མ་བཀླགས་གོང་དཀར་ཆག་ཞིབ་ཉུལ་ཞིག་གིས་ནང་དོན་རགས་རིམ་ཞིག་འཆར་སྲིད་ལ། མཚར་སྣང་དེས་མཇུག་མ་གྲུབ་པའི་བར་དུ་ཀློག་པའི་སྤྲོ་སྣང་ཞིག་འདྲེན་ཡོང་། དེ་ནི་དེབ་འདིའི་དཀར་ཆག་དང་བརྗོད་བྱ་གཅིག་འདྲེས་ཀྱིས། དཀྱུས་གཅིག་ཏུ་བབ་ཐུབ་པའི་ཁྱད་ཆོས་ཤིག་ཀྱང་ཡིན་པ་འདྲ། ལྷག་ཏུ་དུམ་ཚན་དང་པོའི་ཤོག་ངོས་ ༡༠ ནས་དེབ་འདིའི་བརྗོད་བྱ་ཉིང་བསྡུས་ཤིག་བྲིས་ཡོད་པ་དེ། དེབ་འདིར་འགུགས་པའི་ལྕགས་ཀྱུ་ལྟ་བུར་སེམས་ལ། སྤྱིར་དེབ་འདི་ཨ་རི་བ་ཐིའུ་སིའི་ལོ་རྒྱུས་ལྟ་བུ་ཡིན་ནའང་། མགོ་ནས་མཇུག་བར་ཧི་མཱ་ལའི་ཕར་ཚུར་གྱི་དུས་རབས་ཉི་ཤུ་བའི་སྟོད་ཀྱི་བོད་ཀྱི་མི་རིགས་ལ་འགྲུལ་བཞུད་ཅིག་ལས་མ་འདས་པ་ཚོར། ལྷག་ཏུ་དེའི་སྐབས་ཀྱི་དབྱིན་བོད་དང་བོད་རྒྱ་སོགས་ཀྱི་བར་གྱི་གནས་ཚུལ་གང་འཚམས་རེའང་། མེ་ལོང་ལ་གཟུགས་བརྙན་གྱིས་ཚུལ་དུ་བཀོད་འདུག
དངོས་གནས་བཤད་ན་འདིར་ཐིའུ་སིའི་སྐོར་གྱི་དེབ་དང་འབྲེལ་ཡོད་ཀྱི་ཡིག་ཕྲེང་རེ་བསྟར་དགོས་པ་འདྲ་མོད། དེ་ཤེས་པར་འདོད་ན། དེབ་འདི་ཀློག་ཤིན་ཏུ་བདེ་བས་ཐེངས་གཅིག་ཀློག་པའི་སྐུལ་འདེད་ཞུ། སྤྱིར་ཐིའུ་སིའི་སྙིང་སྟོབས་དང་འཆར་གཞི། རེ་བ་དང་ཡིད་ཆེས། ཐེངས་དུ་མའི་སྐྱ་ཆད་སྔོ་སྡུག་གི་ཕམ་ཁ་ལ་བཟོད་སེམས་དང་དམ་བཅའ་བཅས། འདིའི་ཆ་ཤས་རེ་བསམ་ཚེ། གནའ་བོའི་བོད་ཀྱི་ལོ་པཎ་དག་གི་རིག་གནས་སྙིང་སྟོབས་དག་འདིས་ཚད་དུ་ལོངས་བ་ཞིག་མ་པར་དྲན་པའི་མོད་ལ། ཁོང་དག་ལའང་ཟིན་ཐོ་ལྟ་བུའི་རྟོགས་བརྗོད་རེ་ཡོད་ཀྱི་ན། སྙམ་པའི་སྟོང་སེམས་རེ་གནོན་མི་ཐུབ་ཚོད་ཀྱིས་འཕྱུར་བ་ལས་བྱ་ཐབས་བྲལ། དེ་ལས་གཞན་ཐིའུ་སིའི་བྱེད་སྟངས་འགའ་རེ་ལ་བསམ་ན། མ་གཞི་ནས་ནུབ་ཕྱོགས་པ་དག་ཁེ་ཕན་རེ་ལས་ཅི་ཡང་བསམ་རྒྱུ་ཡོད་ཚོད་མ་རེད་སྙམ་པའི་ཚོར་འདུ་རེའང་། དེབ་འདི་ཆ་ཚང་ཞིག་བཀླགས་ན་སྐབས་སྐབས་སུ་ལྡིང་སྐོར་རྒྱག་འོང་གིན་འདུག ཡིན་ནའང་ང་ལྟ་བུ་ལ་ཐིའུ་སིར་སྡོམ་རྒྱག་པའི་སྤོབས་པ་དང་ཤེས་རབ་གཉིས་ཆར་མེད་པས། ཤེས་འདོད་པ་དག་གིས་གོམ་གང་མདུན་སྤོས་ཀྱིས་དེབ་འདིས་མ་ཚིམས་ན། རྩོམ་པ་པོས་བསྐུལ་བ་ལྟར། ཁོའི་ཤུལ་ལྷག་གི་ཡིག་ཚགས་དང་འབོར་ཆེན་ཡིག་སྒམ་དག་རྩད་གཅོད་ཐུབ་ན། དེ་ལས་ལྷག་པའི་བློ་སྐྱེད་ཐོབ་པར་འདོད། གང་ལྟར་བོད་མི་རིགས་ཀྱི་ཤེས་རིག་རིག་གཞུང་མང་པོ་ཞིག་འཛམ་གླིང་གི་སྡིངས་ཆར་བཀོད་པ་དང་། སེམས་གཏིང་ནས་བོད་ཀྱི་རིག་གཞུང་ལ་དགའ་ཞེན། ད་དུང་བོད་ཀྱི་དཔེ་མཛོད་ཁང་། བོད་ཀྱི་འགྲེམས་སྟོན་ཁང་། སྒྲ་སྒྱུར་སྡེ་ཚན་སོགས་འཛུགས་པའི་དམིགས་ཡུལ་ཁོ་ན་ཙམ་ལའང་བཀའ་དྲིན་ཆེ་ཞུ་བར་འདོད། དེ་ལས་ཀྱང་མཐའ་མའི་ཚེ་སྲོག་རྟ་རྔ་འདྲ་བོའང་བོད་ཀྱི་རིག་གཞུང་གི་དོན་དུ་ཡིན་པ་འདྲ་བས། སློབ་དཔོན་རིན་པོ་ཆེའི་སྤྲུལ་པ་ཡིན་མིན་མི་ཤེས་མོད། བོད་ལ་དངོས་གནས་ལས་འབྲེལ་ཞིག་ཀྱང་ཡོད་པ་དོན་དངོས་ཡིན་པ་འདྲ།
༢༽ དགེ་ཆོས་དང་འབྲེལ་བའི་སྔར་ལས་ལྷག་པའི་ལོ་རྒྱུས་ཀྱི་མཐོང་ཐོས།
དུམ་ཚན་འདི་ནི། དེབ་འདིའི་ཤོག་ངོས་ ༡༡ ནང་ཉུང་བསྡུས་ཤིག་བྲིས་པ་ནང་བཞིན། དགེ་ཆོས་ཀྱི་ཨ་རིའི་རྨི་ལམ་དུ་ཐེངས་གཅིག་ཉུལ་ན་ཏག་ཏག་ར་འཕྲོད་ངེས། འདིར་བཤད་དགོས་པའི་རྒྱུ་མཚན་ཡང་། རང་གི་མཐོང་ཐོས་ཀྱི་དགེ་ཆོས་ཞིབ་འཇུག་ཁག་དང་། དགེ་འདུ་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ་སོགས་སུ། དེབ་དང་ངག་རྒྱུན་གང་ཡིན་ཆ་མི་འཚལ་བའི་དགེ་ཆོས་འགྲོ་འདོད་གྱི་འདུན་པ་ཡིན་ནམ། གང་ལྟར་འདི་འདྲ་གསལ་ཁ་མེད་པའི་བཤད་ཡམས་ཤིག་ལས་གོ་མ་མྱོང་བས་ཡིན། ད་དུང་རྩོམ་པ་པོ་ཁོང་གི་བརྗོད་པ་བཞིན། དགེ་ཆོས་ཀྱིས་དབྱིན་ཡིག་ཏུ་སྒྱུར་བཞིན་པའི་སྨན་གཞུང་དང་། འཇོར་རྗེ་དང་མཉམ་འབྲེལ་གྱིས་སྟོང་ཉིད་སྐོར་གྱི་དཔེ་དེབ་དེ་ཚོ་ནི། ད་བར་སྡིངས་ཆ་ལ་མ་བསྟན་པ་མིན་ན། དགེ་ཆོས་ཞིབ་འཇུག་པ་དག་གིས་དངོས་གནས་ལག་པ་མ་སྙོབས་པའི་ཚོད་དུ་ལུས་པ་འདྲ། དེ་བཤད་དགོས་དོན་ཡང་དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ་ ༢༠༠༣ ལོར་དཔར་བའི་དགེ་ཆོས་ཀྱི་བསྒྱུར་པ་དང་གསར་རྩོམ་ཞེས་པའི་ཆོས་ཚན་ ༧༨ བཀོད་པའི་ནང་དུ་མེད་པས་ཡིན། དེ་ལས་གཞན་ཇི་ཎོ་རཱ་སཱི་ཞེས་པ་ནི་དགེ་སློང་ཞིག་ཡིན་པ་དང། ཁོང་དང་མཉམ་དུ་སྤྱོད་འཇུག་དབྱིན་སྒྱུར་བྱེད་མཁན་ཡང་ཁོང་ཡིན་པ་ཤེས། དེབ་འདིའི་ཤོག་ངོས་ ༢༥༤ ནང་བཀོད་པའི་དགེ་ཆོས་ཀྱི་པར་དེ་མཐོང་བ་ན། ཨ་ཁུ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་བྲིས་པའི། མཇུག་མཐའི་སྐུ་པར་སྐོར་གྱི་རྩོམ་ཐུང་ཡིད་ལ་ཤར་བ་དང་། འདིའང་མཇུག་མཐའི་སྐུ་པར་མིན་ལ། ཁོང་གིས་བྲིས་པ་ལྟ་བུས་གཏིང་ཟབ་ས་ནས་བསྔོགས་ཏེ། དེ་རུ་འཐིམས་པའི་བློ་སྦྱོང་མེད་ནའང་། པར་འདི་མཁས་དབང་དགེ་ཆོས་ཀྱི་གཟུགས་བརྙན་དངོས་ཡིན་པས། ཁོང་གི་ཀློག་པ་པོ་ཞིག་དང་། རང་གི་ནུས་པས་སྲིད་ཞུ་ཅུང་ཙམ་བསྒྲུབས། །སོགས་ཀྱི་ཁ་བཤད་དོན་ནམ་ལག་ལ་གནས་པའི་ཁོང་གི། གསེར་དང་མཚུངས་པའི་རྣམ་སྤྱོད་ཀྱིས་བཞེངས་པའི། གསུངས་པོད་དག་གི་དངུལ་ཆུ་དང་དཀའ་སྡུག་དྲན་སྐབས། སེམས་སྐྱོ་བའི་གདུང་བ་སྐད་ཅིག་མ་རེའང་ཡིད་ལ་ལྷམ་མེར་འཁོར་སོང་།
དེ་བས་གཞན་མཐར་ཕྱིན་བྷཱ་བྷུས་སྐྱུག་བྲོ་བའི་ལས་སྟངས་ཁ་ཤས་རེ་ཡིས། དེབ་འདི་ཀློག་ཞོར་དུ་སྡིག་པ་རེ་བསགས་སོང་། དེའང་དགེ་ཆོས་དང་འབྲེལ་ཡོད་ཀྱི་དེབ་སྔོན་མ་དག་ཏུ་ཁོས་བཞག་པའི་བག་ཆགས་ཀྱིས་ཡིན། ཁོས་བོད་ཡིག་གི་ལམ་ནས་གསར་འགྱུར་མེ་ལོང་གཉེར་བ་དང་། དེའི་ནང་དགེ་ཆོས་ཀྱི་དཔྱད་རྩོམ་སོགས་མང་པོ་ཞིག་བཀོད་ཚུལ་སོགས་འདྲ་ཆགས་སེ་བཤད་ཡོད་པས་ཧེབ་ལང་རྒྱུ་མང་དྲགས་པས་ཡིན་རྒྱུ་རེད། དེའང་འདིར་བཀོད་པའི་ཐིའུ་སིའི་ཉིན་ཐོ་དང་དེབ་སོགས་སུ་གསལ་བར་བལྟས་ན། ཁོ་ནི་“མདའ་གཅིག་གི་བྱ་གཉིས་གསོད་”པའི་རྒྱབ་ལྗོངས་མི་འདྲ་བའི་ཟ་ས་ནས་ཟ། བཙུང་ས་ནས་བཙུང་བའི་མི་ཐ་ཤལ་བ་ཞིག་ཡིན་པ་འདྲ་ལ། ལྷག་ཏུ་འདི་ལྟར་བསམ་ན་དགེ་ཆོས་ཀྱི་དཔྱད་རྩོམ་བཀོད་པ་སོགས་ཀྱང་། ཁེ་ཕན་རེའི་ཆེད་དུ་སྲིད་པའི་རྒྱུ་མཚན་འགའ་རེ་དེབ་འདིས་རྗེས་སུ་དཔག་ན་མཆིས་ཀྱང་ཡིག་ཚོགས་ལ་དོགས་སོ། །གཅིག་བྱས་ན་རང་ཉིད་གུ་དོག་དྲགས་པས་ཡིན་སྲིད།
༣༽ གྱོང་རྒུད་གསུམ།
ད་ནི་ཀློག་པ་པོ་དག་ཉོབ་པར་སེམས་ཏེ། མང་པོ་ཞིག་འབྲི་འདུན་མེད། རང་ཉིད་ཀྱི་དེབ་འདི་བཀླགས་པའི་གོ་རིམ་ཁྲོད་དུ། སྐབས་དེའི་གྱོང་རྒུད་གསུམ་མཐོང་བ་ནི།
༡. མཁས་དབང་དགེ་འདུན་ཆོས་འཕེལ་འདོད་པ་ལྟར་ཨ་རི་ལ་ཕེབས་མ་ཐུབ་པ་དང་།
༢. ས་སྐྱ་གོང་མ་དང་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེའི་ཕྱག་ཡིག་གཉིས། ཐིའུ་སིས་ཐབས་ཤེས་ཡོད་དགུས་ཨ་རིའི་སྲིད་འཛིན་ལ་ཕུལ་མ་ཐུབ་པ་དང་།
༣. མཐར་སྐུ་ཞབས་ཐིའུ་སི་ལགས་ཆར་རྗེས་ཀྱི་འཇའ་ལྟར་ལྔ་ལམ་དུ་ཤོར་བ་བཅས་རེད། དེབ་འདི་བཀླགས་ན་གྱོང་རྒུད་འདི་ལས་མང་བ་མཐོང་སྲིད་པ་དང་། ཡང་འདི་ལས་ཉུང་བ་མི་སུམ་ཅུ་བསམ་པ་སུམ་ཅུ་ཡིན་པས། ལྟ་ཚུལ་མི་འདྲ་བ་རེ་ཡོད་སྲིད་མོད། རང་གིས་ནི་གཙོ་ཆེ་ཤོས་འདི་ལྟར་མཐོང་བ་དང་། དེ་ལ་རང་གི་ཚོད་ཀྱི་རྒྱུ་མཚན་འགྲོ་མིན་ཅི་རིགས་རེ་བགྲངས་རྒྱུ་ཡོད་ནའང་། རེ་ཞིག་འདི་ཙམ་གྱིས་འཐུས་པར་བྱ། ཞོར་དུ་གཞན་པའི་ཀློག་པ་པོ་དག་ལ་བསམ་ཚུལ་ཡོད་ན། མཆན་དུ་དགོད་པའི་རེ་བ་ཡོད། གོ་དགོས་པ་ཞིག་ལ་གྱོང་རྒུད་དང་པོ་དང་འབྲེལ་བའི་བསམ་འཆར་ལྷུག་པོར་དེབ་འདིའི་གཞུག་ཏུ་རྩོམ་པ་པོས་བཀོད་འདུག
༤༽ དྲན་སྐུལ།
གཏམ་རྒྱུད་གསེར་ཐང་གི་ལེའུ་དང་པོ། ཧི་མཱ་ལའི་ཕར་ཚུར། སྔར་རཱ་ཧུ་ལའི་བོད་བསྐྱོད་ཟིན་ཐོ་དང་། དེ་རིང་དེབ་འདི་བཀླགས་པ་ནའང་། ཆེས་ཡིད་སྨོན་ཤོར་ས་ཞིག་དང་ཕངས་སེམས་སྐྱེ་བ་ཞིག་ཡོད་པ་ནི། ས་སྐྱའི་དཔེ་མཛོད་ཁང་གིས་ཉར་ཚགས་བྱས་ཡོད་པའི། བོད་ཀྱི་ལོ་པཎ་དག་གི་བསྡུས་གཟུགས་ཏ་ལའི་ལོ་མའི་དཔེ་ཆ་ཡིན་མིན་ཅི་རིགས་ཀྱིས་རི་ལྟར་བརྩིགས་པའི་པོ་ཏི་ཁང་པའི་ཀླད་ལ་ཐུག་པ་དེ་དག་རེད། ད་ལྟ་གང་དུ་བཞུགས་སམ། རིག་གནས་གསར་བརྗེ་ཆེན་མོའི་རླུང་གིས་སྤུར་ཚར་ཡོད་དམ། ཡང་ན་ཐིའུ་སིས་སྔ་གཞུག་ཏུ་ཁྱེར་བའི་འབོར་ཆེན་ཤིང་སྒམ་དག་གི་ནང་དུ་ཡོད་དམ། མཚམས་ལ་ལར་བསམ་ན་སྐབས་དེར་མགོ་སེར་མང་པོ་ཞིག་ལ་ཐིའུ་སི་ལྟར་སྒོ་ཕྱེ་ཡོད་ན་མགོ་སེར་ནི་མགོ་སེར་རང་ཡིན་པས་རིག་གསར་གྱིས་ཐལ་རྡུལ་དུ་བསྲེས་པའི་རིན་པོ་ཆེ་མང་པོ་ཞིག་འཇིག་རྟེན་དུ་ལྷག་ཡོད་ངེས། ཧ་ཧ་འདི་ནི་སེམས་ཁྲེལ་ལྷག་མ་ཞིག་མ་ཡིན་ནམ། དྲན་སྐུལ་དངོས་ནི་དེབ་འདི་རུའང་ཐེངས་འགའ་ལ་དྲན་སྐུལ་བྱས་ཡོད་པ་ལྟར། ཐིའུ་སིའི་ཤུལ་བཞག་རྩོམ་ཡིག་དང་ཟིན་བྲིས་སྒམ་སུམ་ཅུ་ལྷག་ལ་མཁྱེན་ཡོན་གཉིས་ལྡན་དག་གིས་ཞིབ་འཇུག་དང་བཙལ་འཚོལ་བྱེད་པ་དེ་རེད།
མཇུག་ཏུ་རྩོམ་པ་པོ་ལགས་ལ་བཀའ་དྲིན་ཆེ་ཞུ་བ་དང་། བོད་སྐད་ཡིག་གི་སྡིངས་ཆ་འདིར། འདི་ལྟར་རིགས་མི་འདྲ་བའི་འབྲི་སྟངས། བསམ་སྟངས། དཔྱད་སྟངས། གཞིགས་སྟངས་ཀྱིས་སྔར་ལས་ལྷག་པའི་གཟི་འོད་འཚེར་བའི་སྨོན་འདུན་བཅས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།