སྔ་འགྱུར་མཐོ་སློབ་ཆེན་མོའི་ངོ་དེབ་དྲྭ་བ་ལས་བཤུས།
༈ རིགས་ཀུན་གྱི་ཁྱབ་བདག་དཔལ་ལྡན་བླ་མ་དམ་པ། ༸སྐྱབས་རྗེ་གྲུབ་དབང་ཡིད་བཞིན་ནོར་བུའི་ཕྲིན་ལས་ཀྱི་བྱེད་པོ། སྡོམ་གསུམ་སྡེ་སྣོད་འཛིན་པ། ཡོངས་ཀྱི་དགེ་བའི་བཤེས་གཉེན། མཁན་རིན་པོ་ཆེ་པདྨ་ཤེས་རབ་མཆོག བོད་རབ་རྒྱན་ཆུ་ཕོ་སྟག ཕྱི་ལོ་ ༢༠༢༢ ལོར་ཡབ་རྗེ་གྲུབ་དབང་བླ་མའི་གདན་ས་འདིར་མཛད་རིམ་བཀའ་དྲིན་བསྐྱངས་པ་རྣམས་ཀྱི་ངོ་སྤྲོད།
བོད་རབ་རྒྱན་ཆུ་ཕོ་སྟག་གི་སྣྲོན་ཟླ་བའི་ཚེས་ ༡༦ གི་ཕྱི་དྲོ། འདི་གར་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་ཞབས་སོར་བདེ་བར་འཁོད། ཚེས་ ༡༧ གྱི་ཕྱི་དྲོ་ཆུ་ཚོད་ ༥:༠༣ ཐོག སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་རྒྱུན་ལས་རྣམ་པ། མཁན་རིན་པོ་ཆེ་མཆོག་གི་སྐུ་མདུན་མཇལ་བཅར་གྱིས། མཐོ་སློབ་ཆེན་མོའི་སོང་ཟིན་སྙན་སེང་དང་འབྱུང་འགྱུར་བཀའ་སློབ་ལམ་སྟོན་ཞུས།
༡༽ དགེ་ཚུལ་སློང་གི་སྡོམ་པ་གནང་བ།
ཚེས་ ༢༠ ཡི་ཕྱི་དྲོ་ཆུ་ཚོད་ ༣:༣༠ ཐོག་དགེ་ཚུལ་སློང་གི་སྡོམ་པ་འབོག་སྒྲུབ་སྐོར་བཀའ་དགོངས་ལམ་སྟོན་ཞུ་སར་བཅར། ཚེས་ ༢༡ སྟེ་རེས་གཟའ་མིག་དམར་གྱི་སྔ་དྲོ་ཆུ་ཚོད་ ༨:༠༩ ལ། ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི། གཙུག་ལག་ཁང་ཆེན་མོ་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་གི་སྟེང་ཐོག འདུལ་བའི་ལྷ་ཁང་ནང་ཞབས་སོར་བཀོད་དེ། རྒྱུན་ཆགས་གསུམ་པ་དང་གསོ་སྦྱོང་མཛད་ནས། སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་(༡༦༥༤-༡༧༡༨)ཡིས་མཛད་པའི། «རབ་བྱུང་གཞིའི་ཆོ་ག་རིན་ཆེན་ཐེམ་སྐས་»སྟེང་ནས། ཚིགས་སྔ་མ་དགེ་ཚུལ་དུ་སྒྲུབ་པ་དང་། ཕྱི་མ་བསྙེན་རྫོགས་སུ་སྒྲུབ་པའི་ཆོ་གའོ། །ཞེས་པ་ལྟར། ཀོ་ལེ་གྷལ་དང་། མོན། འབྲུག འབྲས་ལྗོངས། ཨོ་རི་ས། མན་པཌ། སུད་སི་སོགས། ཕྱོགས་མཐའ་ཁག་ནས་ཆེད་ཕེབས་ཀྱིས་སྡོམ་པ་ཞུ་བར་བཅར་མཁན་དང་། དེ་བཞིན་དུ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་། སྔ་འགྱུར་མཐོ་སློབ་ཆེན་མོ། གཞི་རིམ་སློབ་གྲྭ། བཙུན་དགོན་བཅས་ཡོངས་ལ་ཆུ་སྟོད་ཟླ་བའི་ཡར་ཚེས་ ༡༢ བར་དུ། དགེ་ཚུལ་སྡོམ་པ་ཞུ་མཁན་ལྔ་བརྒྱ་ཉི་ཤུ་རྩ་བདུན་ ༥༢༧ དང་། དགེ་སློང་སྡོམ་པ་ཞུ་མཁན་ཉིས་བརྒྱ་དྲུག་ཅུ་རེ་བཞི་ ༢༦༤ སྟེ། ཁྱོན་བདུན་བརྒྱ་དགུ་བཅུ་གོ་གཅིག་ ༧༩༡ ལ་དགེ་ཚུལ་སློང་གི་སྡོམ་པ་གནང་།
༢༽ སྒྱུ་འཕྲུལ་ཞི་ཁྲོའི་བཀའ་དབང་གནང་བ།
དེ་ནས་ཆུ་སྟོད་ཟླ་བའི་ཚེས་ ༢༡ རེས་གཟའ་ལྷག་པ་ནས། ཚེས་ ༢༤ རེས་གཟའ་སྤེན་པའི་བར་ཉིན་བཞིའི་རིང་ལ། ཉིན་གུང་ཆུ་ཚོད་ ༡:༠༠ ནས། གཙུག་ལག་ཁང་ཆེན་མོ་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་དུ། སྨིན་གླིང་ཁྲི་རབས་གཉིས་པ་པདྨ་འགྱུར་མེད་རྒྱ་མཚོས་(༡༦༨༦-༡༧༡༨)མཛད་པའི། «སྒྱུ་འཕྲུལ་དྲྭ་བ་ཞི་བ་འབྲིང་པོའི་དབང་གི་ཆོ་ག་དཀྱིལ་འཁོར་རྒྱ་མཚོར་འཇུག་པའི་གྲུ་ཆེན་»དང་། «སྒྱུ་འཕྲུལ་དྲྭ་བ་ཁྲོ་བོའི་དབང་གི་ཆོ་ག་ཁྲག་འཐུང་རྡོ་རྗེའི་གད་རྒྱངས་»ཏེ། ཞི་ཁྲོ་གཉིས་ཀྱི་དབང་ཆོག་སྟེང་ནས་སྟ་གོན་དང་དངོས་གཞི་ཡིས། དད་པ་ཅན་རྗེས་སུ་འཛིན་པ་ལ་ཕན་པའི་དབང་བཅུ། བརྩོན་འགྲུས་ཅན་རྗེས་སུ་འཛིན་པ་ལ་ནུས་པའི་དབང་ལྔ། བརྟུལ་ཞུགས་ཅན་རྗེས་སུ་འཛིན་པ་ལ་ཟབ་མོའི་དབང་གསུམ་ཡོད་པ་ལས། དང་པོ་ཕན་པའི་དབང་བཅུ་དང་། གཉིས་པ་རང་གཞན་གྱི་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ནང་ནུས་པའི་དབང་ལྔ་ལས། བདག་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ཉན་སྒོམ། གཞན་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ཕྲིན་ལས་དང་འཆད་དབང་། གཉིས་ཀའི་དོན་ནུས་པའི་བརྩོན་འགྲུས་ཅན་ལ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་གསུམ་ཡོད་པ་ལས། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་བར་དུ་བཀའ་དབང་གནང་བའི་བཀའ་དྲིན་བསྐྱངས་ཏེ། ཆུ་སྟོད་ཟླ་བའི་ཚེས་ ༢༤ རེས་གཟའ་སྤེན་པའི་ཕྱི་དྲོའི་ཆར། མཁན་རིན་པོ་ཆེ་མཆོག་ལ་བཤད་གྲྭའི་རྒྱུན་ལས་ངོས་ནས་བཀའ་དྲིན་རྗེས་སུ་དྲན་པའི་གཏང་རག་དང་བཅས་ཕུལ།
སྐབས་གཉིས་པའི་ཞིབ་འཇུག་སློབ་མའི་ཆེད་དེབ་ཀྱི་དབུ་འབྱེད་གནང་བ།
གཞན་ཡང་གྲོ་བཞིན་ཟླ་ཚེས་ ༡༦ རེས་གཟའ་ཉི་མའི་ཕྱི་དྲོ་ཆུ་ཚོད་ ༣:༣༠ ཐོག སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ཡན་ལག སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་གི། སྐབས་གཉིས་པའི་ཞིབ་འཇུག་སློབ་ཐོན་པ་རྣམས་ཀྱི། འོད་གསལ་སྙིང་ཐིག་གི་བསྟན་པའི་བདག་པོ་པཎ་ཆེན་དྲི་མེད་བཤེས་གཉེན་གྱི་མཛད་པ་རྒྱ་ཆེར་གླེངས་པ། «བི་མ་ལ་མི་ཏྲའི་མཛད་རྗེས་ཉུལ་བ་»ཞེས་པའི་ཆེད་དེབ་དབུ་འབྱེད་མཛད་སྒོ་གནང་།
༣༽ གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་བཀའ་ཁྲིད་གནང་བ།
དེ་ནས་ཆུ་སྟོད་ཟླ་བའི་ཚེས་ ༢༦ རེས་གཟའ་ལྷག་པའི་ཉིན་གུང་ཆུ་ཚོད་ ༠༡:༠༠ ཐོག ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་་(༡༣༠༨-༡༣༦༣)ཀྱིས་མཛད་པའི། «གསང་འགྲེལ་ཕྱོགས་བཅུའི་མུན་སེལ་»གྱི་བཀའ་ཁྲིད་དབུ་བཙུགས་ནས། གྲོ་བཞིན་ཟླ་བའི་ཚེས་ ༢༡ རེས་གཟའ་པ་སངས་བར་ཆོས་ཐུན་ཉི་ཤུ་རྩ་གསུམ་གྱིས། ལེའུ་བཅུ་གཉིས་པ་ཚོགས་བསྒྲུབ་བར་དུ་བཀའ་ཁྲིད་རྒྱས་པར་གནང་ཞིང་། ཆོས་ཐུན་ཉིན་གཉིས་པར་ཀུན་མཁྱེན་མི་ཕམ་(༡༨༤༦-༡༩༡༢)གྱིས་མཛད་པའི། «སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་བཤད་བརྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་འདེབས་པ་བཀྲ་ཤིས་གྲུབ་པའི་དབྱངས་སྙན་»དང་། དིལ་མགོ་མཁྱེན་བརྩེ་རབ་གསལ་ཟླ་བས་(༡༩༡༠-༡༩༩༡)མཛད་པའི། «དཔལ་སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་ཀྱི་རྒྱལ་པོ་གསང་བ་སྙིང་པོའི་བཤད་སྒྲུབ་བསྟན་པ་རྒྱས་པའི་སྨོན་ལམ་ཀུན་བཟང་རྡོ་རྗེ་སེམས་དཔའི་བདེན་ཚིག་» ཅེས་པའི་ལྗགས་ལུང་གནང་།
དེ་ཡང་«རྡོ་རྗེ་དྲྭ་བ་»ལས། བསོད་ནམས་ནང་ནས་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་ཞི་བ་དང་། །ཕྱི་མར་རིག་འཛིན་རྒྱལ་བའི་ཞིང་། །ཀུན་ཏུ་བཟང་པོ་ཐོབ་པར་འགྱུར། །ཞེས་དང་། «གསང་སྙིང་»ལས། བླ་མ་དཀྱིལ་འཁོར་ཐམས་ཅད་ཀྱི། །དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཉེས་པ་ཐམས་ཅད་འདག་པ་དང་། །ཡོན་ཏན་ཐམས་ཅད་ཐོབ་པར་འགྱུར། །ཞེས་པ་བཞིན་དུ། ཚེས་ ༢༢ རེས་གཟའ་སྤེན་པའི་ཆུ་ཚོད་ ༧:༣༠ ནས། སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེ་(༡༦༤༦-༡༧༡༤)ཡི། «དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞི་བ་འབྲིང་པོའི་སྒྲུབ་ཐབས་ཡེ་ཤེས་ཆར་འབེབས་»ཀྱི་དཀྱིལ་འཁོར་ཞལ་ཕྱེ་སྟེ་ཚོགས་འཁོར་རྒྱས་པ་དང་། ཉིན་རྒྱབ་ཆུ་ཚོད་ ༣:༣༠ ནས་བཀའ་དྲིན་གཏང་རག་ཕུལ་བ་དང་། ཆོ་གའི་རྗེས་ཀྱི་བྱ་བ་བསྔོ་སྨོན་བཀྲ་ཤིས་བཅས་ཀྱིས་མཐའ་བརྒྱན་ཏེ། མཇུག་དགེ་ལེགས་ངང་གྲུབ།
སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་རྒྱུན་ལས་ཡིག་ཚང་ནས། བོད་རབ་རྒྱན་ཆུ་ཕོ་སྟག གྲོ་བཞིན་ཟླ་བའི་ཚེས་ ༢༢ རེས་གཟའ་སྤེན་པ་ལ།
































No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།