རྩོམ་པ་པོ། ཀུན་ཏུ་རྒྱུ།
སྔ་འགྱུར་བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ཞིང་
ཚེ་རབས་ཀུན་ཏུ་སྐྱབས་སུ་བསྙེན་ནོ།།
དེ་ཡང་ལོ་སྔོན་མའི་ནང་དུ་སྔ་འགྱུར་རྙིང་མའི་ཞིབ་འཇུག་གི་དེབ་དང་པོ། རོང་ཟོམ་ཆོས་ཀྱི་བཟང་པོའི་རྣམ་ཐར་དང་། ཐེག་ཆེན་ཚུལ་འཇུག་ཞིབ་དཔྱད་ཞུ་དག དེའི་བརྗོད་བྱ་བརྗོད་བྱེད་ལ་བརྟག་པ། ཞེས་པའི་རྣམ་གྲོལ་གླིང་གི་མཁན་པོ་དང་སློབ་དཔོན་སློབ་དཔོན་མ་དག་གིས་མཛད་པ། དེའི་འགྲེམ་སྤེལ་བརྡ་འབྱོར་བ་ནས་བཟུང་ངང་སྒུག་བྱས་མོད། དེབ་དངོས་ནི་ད་དུང་ཡང་ལག་ཏུ་མ་འབྱོར། ཉིན་ཤས་སྔོན་འཕྲུལ་དེབ་(གློག་རྡུལ་དཔེ་དེབ།)ཅིག་བརྙེད་ཅིང་། དབུ་ནས་རོང་ཟོམ་གྱི་རྣམ་ཐར་ལ་བརྟགས་པ་ཆ་ཚང་མཇལ་བ་ཡིན་ལ། དོགས་སྣང་ཕྲན་བུ་རེ་ཡང་བྱུང་། དེའི་ནང་ནས་ཁོང་རྣམས་ཀྱི་ཞིབ་འཇུག་གི་གྲུབ་དོན་ཞིག་ཡང་དག་མིན་ངེས་སུ་འདུག་སྙམ་པ་ཡང་བྱུང་། དེ་ནས་རྒྱུ་ཆ་འགའ་ཡང་བཀླགས་ཤིང་། དེ་དག་གི་གྲུབ་དོན་ཞིག་ཡི་གེའི་ལམ་ནས་སྤེལ་འདོད་བྱུང་ངོ་།།
དཔྱད་པ་དངོས་ལ། དང་པོ་དཔྱད་པའི་གཞི་འཛུགས་པ། གཉིས་པ་རོང་སྟོན་ལྷ་དགའ་དང་མི་ལ་མཇལ་བ། གསུམ་པ་མི་ལ་དང་མར་པ་མཇལ་བ། བཞི་པ་མར་པ་དང་ཇོ་བོ་མཇལ་བ། ལྔ་པ་ཇོ་བོ་དང་རོང་ཟོམ་མཇལ་བ། (ས་བཅད་འདི་དག་ལོ་ཚིགས་དང་དུས་ཚོད་སྔ་ཕྱིའི་རིམ་པ་ལྟར་ཏུ་བྲིས་ཡོད།) དྲུག་པ་དེ་དག་གི་གྲུབ་དོན་ནོ།།
ཐོག་མར་དཔྱད་པའི་གཞི་འཛུགས་པ་ནི། ཁོང་རྣམས་ཀྱིས་རྗེ་མི་ལའི་བླ་མ་རོང་སྟོན་ལྷ་དགའ་དེ་རོང་ཟོམ་ཡིན་ཞེས་གསུང་འདུག་ལ། གཞུང་ཅི་བཞིན་འདིར་བཀོད་ན། ལྡེབ་ངོས་བཅུ་གསུམ་པར། འོན་ཏེ་རོང་སྟོན་ལྷ་དགའ་དེ་ཉིད་རོང་ཟོམ་པའི་ཡབ་ཏུ་ངོས་འཛིན་གནང་འདུག་ཀྱང་ང་ཚོས་དཔྱད་ན་རོང་ཟོམ་པ་ཉིད་ཡིན་ཆོག་པར་སྙམ་སྟེ། རྩེ་ལེ་སྣ་ཚོགས་རང་གྲོལ་(༡༦༠༥-༡༦༧༧)གྱིས་རོང་སྟོན་ལྷ་དགའི་རྫོགས་ཆེན་སེམས་ཕྱོགས་ཀྱི་ལྟ་གྲུབ་ངོས་འཛིན་གནང་ཚུལ་དེ་ནི། རྗེ་རོང་ཟོམ་པའི་ལྟ་བ་དང་ཧ་ཅང་འདྲ་བ་དང་། ཞེས་གསལ་ཐག་ཆོད་པོས་གསུང་བཞིན་འདུག རང་གིས་དེའི་ཐད་ལ་དགག་པ་བྱེད་པའི་ཁ་ཕོ་བྱས་པ་མིན་ཡང་། ཁོང་རྣམས་དང་མི་འདྲ་བའི་ལྟ་ཚུལ་ཞིག་བྱུང་ཞིང་། རང་གིས་དེ་ཀློག་པ་པོ་རྣམས་ལ་ཞུ་འདོད་བྱུང་ངོ་ཞེས་པ་ནི། ཐོག་མར་དཔྱད་པའི་གཞི་འཛུགས་པའོ།།
གཉིས་པ་མི་ལ་དང་རོང་སྟོན་ལྷ་དགའ་མཇལ་བ་ནི། སྤྱིར་རོང་ཟོམ་དང་རོང་སྟོན་ལྷ་དགའ་གཅིག་ཡིན་པ་དང་། ཀུན་མཁྱེན་རོང་ཟོམ་པ་དང་མི་ལ་ལྟ་བུའི་བོད་ཀྱི་ལོ་རྒྱུས་ནང་གི་མི་སྣ་གལ་ཆེན་གཉིས་ཞལ་མཇལ་ཞིང་། ཕན་ཚུན་བླ་སློབ་ཏུ་ཡང་གྱུར་ཡོད་ཚེ། དེ་ནི་ཡིད་སྤྲོ་བ་འཕེལ་བའི་གྲུབ་དོན་ཞིག་ཡིན་པ་སྨྲོས་མེད་རེད། འོན་ཀྱང་རྣམ་ཐར་ལོ་རྒྱུས་ཁག་དང་ལོ་ཚིགས་གུང་བསྒྲིགས་ན། རོང་ཟོམ་དང་རོང་སྟོན་ལྷ་དགའ་གཅིག་ཏུ་ཁེལ་ཐབས་གཏན་ནས་མི་འདུག དེ་གང་ལགས་ཞེ་ན། མི་ལས་རོང་སྟོན་ལྷ་དགའ་བླ་མར་བསྙེན་སྐབས་བླ་མ་མར་པ་ད་དུང་མཇལ་མེད་ཅིང་། མཚན་ཙམ་ཡང་མ་ཐོས་པའི་གནས་སྐབས་ཡིན། དེ་དུས་རོང་སྟོན་ལྷ་དགར་ཡུམ་དང་གྲྭ་འཁོར་མང་པོ་ཡོད་པའང་། མི་ལའི་རྣམ་ཐར་དུ་གསལ་བས་དེ་དུས་རོང་སྟོན་ལྷ་དགའ་དགུང་ལོ་ཅུང་ཟད་མཐོན་པོར་སོན་ཡོད་པ་ཡང་ཤེས་ནུས།
གསུམ་པ་མི་ལ་དང་མར་པ་མཇལ་བ་ནི། རོང་སྟོན་ལྷ་དགས་སློབ་སྟོན་གནང་བ་ལྟར། མི་ལ་མར་པའི་སར་ཕེབས་ཤིང་། མར་པས་མི་ལར་ཡིད་ཆད་ལན་དུ་མའི་བར་དུ་བཏང་ཏེ་རྗེས་སུ་བཟུང་བས། ཐོག་མར་བླ་མ་དང་མཇལ་བ་ནས་རྗེས་བཟུང་དངོས་ཀྱི་བར་དུ་དུས་ཚོད་ཀྱང་ལོ་ཁ་ཤས་འགོར་ཡོད། གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱན་ཅན་གྱིས་མཛད་པའི་མར་པའི་རྣམ་ཐར་ཏུ། རྒྱ་གར་ལ་བྱོན་ཐེངས་གསུམ་པ། གསེར་ལ་སོགས་པའི་ཡོ་བྱད་རྣམས་བསྒྲུབ་ཏུ་བྱོན་ཚུལ་ནི། དེ་ནས་རྗེ་བཙུན་མི་ལ་ལ་རྗེས་འཛིན་གྱི་དབང་གདམས་ངག་རྣམས་གནང་ནས། ལྷོ་བྲག་སྟག་ཉ་ལ་སྒྲུབ་པ་ལ་བཞུགས་སུ་བཅུག རྗེ་བཙུན་མར་པ་དཔལ་ན་རོ་པའི་དྲུང་དུ་དམ་བཅའ་ཕུལ་བ་ལྟར་འབྱོན་པར་བཞེད་པས། ཞེས་གསུང་པ་ལས་དཔགས་ན། མི་ལ་རྗེས་སུ་བཟུང་བའི་སྐབས་ནི། མར་པ་རྒྱ་གར་ལ་བྱོན་ཐེངས་གསུམ་པའི་གྲབས་གཤོམ་བྱུང་མ་བྱུང་གི་མཚམས་སུ་ཡིན་པ་གོ་ཐུབ་བོ།།
བཞི་པ་མར་པ་དང་ཇོ་བོ་མཇལ་བའི་དུས་ནི། མར་པ་རྒྱ་གར་དུ་ཕེབས་ཐེངས་གསུམ་པའི་སྐབས་སུ་ཁེལ་ཡོད་པ་རྣམ་ཐར་དུ་གསལ་ཞིང་། ཇོ་བོ་བོད་དུ་ཕེབས་པའི་ལམ་དུ་ཡོད་པའང་གསུངས་ཡོད། ཡིད་ཆེས་ཕྱིར་ཅི་བཞིན་དྲངས་ན། དེ་ཉིད་ལས། གཉིས་པ་ནཱ་རོ་པ་བཙལ་ནས་ཆོས་གསན་ཚུལ་ནི། རྗེ་མར་པས་འབྱོན་ལམ་ཉང་སྟོད་ལ་བྱོན་པས་བཞེངས་ཀྱི་གླང་པོ་སྣར་ཇོ་བོ་རྗེ་བོད་དུ་བྱོན་པ་དང་མཇལ་བས། ཞེས་དང་། ཡང་། རྒྱ་གར་ལ་བྱོན་པ་བས་ངའི་ལོ་ཙཱ་ལ་ཕྱིན་པ་འགྲོ་དོན་ཆེ་གསུངས་པ་ལ། ཞེས་པ་ལས་དཔགས་ན། དེ་དུས་རྒྱ་བརྩོན་འགྲུས་སེངྒེ་བལ་པོར་སྐུ་འདས་ནས་ཇོ་བོ་རྗེ་ལོ་ཙཱ་བ་མེད་པའི་ཐུགས་ངལ་འབྱུང་བཞིན་པའི་སྐབས་ཡིན་པའང་ཤེས་པར་ནུས་སོ།།
ལྔ་པ་ཇོ་བོ་དང་རོང་ཟོམ་མཇལ་བ་ནི། ཀུན་མཁྱེན་བླ་མ་མི་ཕམ་པས་མཛད་པའི་དཀར་ཆག་མེ་ཏོག་ཕྲེང་བ་ལས། རོང་ཟོམ་བྱིས་པ་ཆུང་ངུ་ཡིན་པ་མས་པང་དུ་བཟུང་ཞིང་གཉེན་དག་དང་བཅས། ཇོ་བོ་ཆེན་པོ་མར་མེ་མཛད་ཀྱི་སྤྱན་སྔར་སོང་སྟེ། རོང་གི་ཆུ་ཚན་ཁར་མཇལ་ཞིང་། ཞེས་སོ། །འདི་ཅི་བཞིན་པ་དེབ་སྔོན་དུ་ཡང་འབྱུང་བ་ནི་དེ་ཉིད་ལས། ཡོལ་སྟོན་རྡོ་རྗེ་དབང་ཕྱུག་གིས་རོང་ཟོམ་གྱི་རྣམ་ཐར་མཛད་པ་ན། བྱིས་པ་འདི་ལ་ཇོ་བོས་གླེང་མོལ་གནང་བ་ཞུ་དང་ཞུས་པས། ངས་འདི་ལ་སྨྲ་མི་ནུས། འདི་ནག་པོ་སྤྱོད་པ་བ་ཡིན་གསུངས། ཞེས་སོ། །འདི་ལས་གང་ཤེས་པར་འདུག་ཟེར་ན་ཇོ་བོ་བོད་དུ་བྱོན་པའི་སྐབས་སུ་རོང་ཟོམ་བྱིས་པ་ཆུང་ངུ་ཞིག་ཡིན་འདུག་ཅིང་། དེའི་སྐབས་སུ་མི་ལས་སྔར་ནས་རོང་སྟོན་ལྷ་དགའ་བླ་མར་བསྙེན་པ་མ་ཟད། རྗེ་མར་པས་རྗེས་སུ་བཟུང་བའི་སྐབས་སུ་ཁེལ་ཡོད་པའང་ཤེས་པར་ནུས།
དྲུག་པ་དེ་དག་གི་གྲུབ་དོན་ནི། རབ་བྱུང་དང་པོའི་ལྕགས་འབྲུག་སྤྱི་ལོ་ ༡༠༤༠ ལོར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་རྒྱ་གར་ནས་བཏེགས་ཤིང་། ལམ་ནས་བལ་པོར་ལོ་གཅིག་འགོར་ནས། ཆུ་ཕོ་རྟ་ཡི་ལོ་སྟེ་སྤྱི་ལོ་ ༡༠༤༢ ལོར་བོད་མངའ་རིས་སུ་ཕྱག་ཕེབས་ཤིང་འགྲོ་དོན་མཛད། དེ་ནས་ཇོ་བོ་འཁོར་བཅས་ལམ་བར་དུ་སྐྱིད་རོང་ལ་ལོ་གཅིག་བཞུགས་པའི་ལོ་དེ། རབ་བྱུང་དང་པོའི་ཤིང་བྱ་སྟེ་སྤྱི་ལོ་ ༡༠༤༥ ལོ་ཡིན་པས། སྐབས་དེར་ཇོ་བོ་མངའ་རིས་སུ་ལོ་གསུམ་བཞུགས་ཏེ། ལོ་དེའི་སྟོན་དུས་ནང་ཚུད་དུ་དབུས་སུ་ཕེབས་ཡོད་པར་མངོན། དེ་ནས་རིམ་བཞིན་ཇོ་བོ་དབུས་གཙང་ཁུལ་དུ་བྱོན་པའི་ལམ་བར་དུ་རོང་ལ་ཕེབས་སྐབས། རོང་ཟོམ་ཆོས་བཟང་སྐུ་བྱིས་པ་ཆུང་ངུ་ཞིག་ཨ་མའི་པང་དུ་ཁྱེར་ཡོང་བ་དང་མཇལ་ཚུལ་སོགས། ཁྱེད་རྣམས་ཀྱིས་དེབ་སྔོན་ཁུངས་སུ་བྱས་ནས་བྲིས་པ་ལྟར། ཇོ་བོ་ཐོག་མར་རྒྱ་གར་ནས་བོད་དུ་ཕེབས་པའི་ལོར་(༡༠༤༠)ཇོ་བོ་དང་རོང་ཟོམ་མཇལ་བ་དང་། རོང་ལ་ལོ་གཅིག་བཞུགས་པའི་ལོར་ཇོ་བོ་དང་མར་པ་མཇལ་རྒྱུའི་དབང་དུ་བྱས་ཀྱང་། རོང་ཟོམ་ད་དུང་ཡང་བྱིས་པ་ཆུང་ངུ་ཞིག་ལས་མེད་ལ། ལོ་དེར་རོང་ཟོམ་དང་མི་ལ་མཇལ་རྒྱུའི་དབང་དུ་བྱས་ན། རོང་སྟོན་ལྷ་དགར་ཡུམ་དང་གྲྭ་འཁོར་མང་པོ་ཡོད་པ་གསུངས་ཡོད་པས། དེ་དུས་རོང་ཟོམ་བྱིས་པ་ཆུང་ངུ་ཞིག་ལ་ཡུམ་འཁོར་ཡོད་པ་དང་། ད་དུང་མ་དགོན་བུ་དགོན་ཁ་ཤས་ཀྱི་བདག་པོར་འགྱུར་ཐབས་ཀྱང་ཁྱོན་ནས་མི་འདུག མ་ཟད་ཇོ་བོ་དང་མར་པ་མཇལ་དུས་མི་ལ་སྔར་ནས་མར་པའི་སར་བསླེབས་ཟིན་ཅིང་། གདམས་ངག་ཀྱང་ཅི་རིགས་ཅིག་གནང་ཟིན་པའི་སྐབས་སུ་ཁེལ་ཡོད་ཅིང་། མི་ལས་རོང་སྟོན་ལྷ་དགའ་མཇལ་ཟིན་པའི་འོག་ཡིན་པའང་སྔར་བཤད་པ་ལྟར་རོ།།
ད་དུང་ཀཿཐོག་ཚེ་དབང་ནོར་བུས། ཕྱི་དར་གྱི་ས་སྟག་དེ་ནས་དྲུག་ཅུ་སྐོར་གཅིག་འདས་པའི་ས་སྟག་ཕྱི་ལོ་(༡༠༣༨)ལ། སྔ་འགྱུར་གྱི་པཎྜི་ཏ་སྤྲུལ་པའི་སྐུ་རོང་ཟོམ་དྷརྨ་བྷ་དྲ་བལྟམས་པ་ཡིན་ཞེས། རགས་རྩིས་ཙམ་དུ་བྱ་དགོས་པར་ཁོ་བོས་དཔྱད་པ་ཞེས་གསུངས་པ་ལྟར་བྱས་ཚེ། ཇོ་བོ་བོད་དུ་བྱོན་ལོར་རོང་ཟོམ་གཟོད་དགུང་ལོ་གསུམ་ལ་བུད་པ་ཡིན། དེ་བཞིན་ལོ་ཚིགས་ལ་བསམ་མནོ་མ་བཏང་བར། བླ་མ་རྣམས་ཕན་ཚུན་མཇལ་ཚུལ་གྱི་གོ་རིམས་གོང་དུ་བསྒྲིགས་ཡོད་པ་རྐྱང་པས་ཀྱང་། རོང་སྟོན་ལྷ་དགའ་དེ་རོང་ཟོམ་མ་ཡིན་པ་ཤིན་ཏུ་གསལ། དེ་དག་ལས་དཔགས་ན་རོང་སྟོན་ལྷ་དགའ་དང་མི་ལ་མཇལ་སྐབས། རོང་ཟོམ་ཁྱོན་ནས་འཁྲུངས་མེད་པའི་སྐབས་སུའང་ཁེལ་ཡོད་པ་ལྟ་བུར་འདུག་ཅིང་། འདི་དག་གིས་རོང་སྟོན་ལྷ་དགའ་དེ་རོང་ཟོམ་མ་ཡིན་པ་གསལ་བཤད་ཡང་དག་ཅིག་བྱེད་བཞིན་འདུག
འོ་ན་རོང་སྟོན་ལྷ་དགའ་དེ་སུ་ལ་ངོས་འཛིན་ཟེར་ན། རོང་ཟོམ་གྱི་ཡབ་རོང་བན་རིན་ཆེན་ཚུལ་ཁྲིམས་ལ་ཁེལ་ཆོག་ཆོག་ལྟ་བུར་འདུག རྒྱུ་མཚན། ལོ་ཚིགས་ཀྱང་དགུང་འགྲིག་ཅིང་། རོང་ཟོམ་གྱི་འཁྲུངས་ཡུལ་དང་རོང་སྟོན་ལྷ་དགའི་གདན་ས་གཉིས་ཀྱི་ཡུལ་མིང་ཡང་འདྲ་པོ་འདུག་པ་ནི། ཀུན་མཁྱེན་བླ་མ་མི་ཕམ་པས་མཛད་པའི་དཀར་ཆག་མེ་ཏོག་ཕྲེང་བར། རོང་ཟོམ་གྱི་འཁྲུངས་ཡུལ་ངོས་འཛིན་སྐབས་སྣར་ལུང་རོང་ཞེས་དང་། མི་ལའི་རྣམ་ཐར་དུ་གཙང་རོང་གི་སྣར་ཞེས་པ། འདི་གཉིས་ཀའི་ནང་དུ་སྣར་དང་རོང་གཉིས་ཀ་ཐོན་ཚུལ་ལ་བལྟས་ན། དོན་གཅིག་མིང་གི་རྣམ་གྲངས་ཡིན་སྙམ་འདུག་ཅིང་། ཁྱེད་རྣམས་ཀྱིས་ཀྱང་དེ་ལྟར་གསུངས་འདུག རྫོགས་ཆེན་གྱི་ལྟ་བ་ངོས་འཛིན་ཚུལ་གྱི་ཐད་ནས། ཁྱེད་རྣམས་ཀྱིས་རྩེ་ལེ་སྣ་ཚོགས་རང་གྲོལ་(༡༦༠༥-༡༦༧༧)གྱིས་རོང་སྟོན་ལྷ་དགའི་རྫོགས་ཆེན་སེམས་ཕྱོགས་ཀྱི་ལྟ་གྲུབ་ངོས་འཛིན་གནང་ཚུལ་དེ་ནི། རྗེ་རོང་ཟོམ་པའི་ལྟ་བ་དང་ཧ་ཅང་འདྲ་བ་དང་། ཞེས་དང་། སྐབས་དེར་རྫོགས་ཆེན་ལ་མཁས་པའི་སྐྱེས་ཆེན་ནི་རོང་ཟོམ་ཡིན་གྱི། ཁོང་གི་ཡབ་དེ་རྡོ་རྗེ་ཕུར་པ་ལ་མཁས་པའི་བླ་མ་ཞིག་ཡིན་པ་ལས། རྫོགས་ཆེན་ལ་མཁས་པའི་གྲགས་པ་དེ་ཙམ་མེད་ཅེས་གསུངས་འདུག་མོད། རོང་ཟོམ་དང་རོང་ཟོམ་གྱི་ཡབ་གཉིས་ཀྱི་ལྟ་བ་འདྲ་ཆོག་ཆོག་ཡིན་འདྲ་སྟེ། རོང་ཟོམ་གྱིས་རང་གི་ཡབ་ཀྱི་མདུན་ནས་ཆོས་མང་དུ་གསན་མྱོང་བར་བཤད་པས་ཤེས་ནུས་སྙམ་མོད། ངེས་གཏན་ཞིག་ནི་གང་ཡང་ཞུ་ཤེས་མ་སོང་།
ཞོར་ཏུ་ཞུ་བྱ་ཞིག་ལ། ཁྱེད་རྣམས་ཀྱིས་རོང་ཟོམ་སེམས་ཙམ་པ་མིན་པ་དང་དབུ་མ་པ་ཡིན་པའི་སྒྲུབ་བྱེད་ལ། རོང་ཟོམ་གྱིས་སངས་རྒྱས་ཀྱི་སར་ཡེ་ཤེས་མི་བཞེད་པ་དེ་དྲངས་འདུག་ཏེ། ཁྱད་པར་དུ་རོང་ཟོམ་པ་ནི། སངས་རྒྱས་ཀྱི་ས་ནའང་ཡེ་ཤེས་མ་གྲུབ་པར་འདོད་མཁན་ཞིག་གིས། ཞེས་བྲིས་འདུག་པ་ལ། ཁྱེད་རྣམས་ཀྱིས་ཀུན་མཁྱེན་རོང་ཟོམ་པས་སངས་རྒྱས་ཀྱི་སར་ཡེ་ཤེས་གཏན་མི་བཞེད་པར་དགོངས་མེད་ན་དེར་ཟད། དགོངས་ཡོད་ན་དེ་མིན་ཏེ། ཀུན་མཁྱེན་བླ་མ་མི་ཕམ་པས་དཀར་ཆག་མེ་ཏོག་ཕྲེང་བར། གཞན་བྱུང་གི་ཡེ་ཤེས་མི་འདོད་ཀྱང་རང་བྱུང་གི་ཡེ་ཤེས་ནི་སངས་རྒྱས་ཀྱི་སར་ཡོད་པར་བཞེད་ཅེས། རོང་ཟོམ་གྱིས་སངས་རྒྱས་ཀྱི་སར་ཡེ་ཤེས་གཏན་མེད་དུ་མི་བཞེད་པ་གསུངས་ཡོད་པས། དེ་ཡང་ཐུགས་བསམ་གཏོང་དགོས་ས་ཞིག་ཡིན་པ་འདྲའོ།།
མཇུག་མཐར་འདིའི་མཐུས། རང་སྐྱེ་དང་སྐྱེ་བར་སྔ་འགྱུར་བརྒྱུད་པའི་ཀུན་མཁྱེན་ཡབ་སྲས་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པའི་སྐལ་བཟང་ཅན་དུ་འགྱུར་བར་སྨོན་ནོ། །ཞེས་པའང་ཀུན་ཏུ་རྒྱུའམ་དངོས་མིང་ལ་ཚེ་རིང་རྒྱ་མཚོར་འབོད་པས། སྤྱི་ལོ་ ༢༠༢༢ ལོའི་ཟླ་བ་ ༠༩ ཚེས་ ༠༦ ཉིན་དབུ་བརྩམས་ཤིང་། ཚེས་ ༠༧ གྱི་ནུབ་མོ་རང་ཤག་ཏུ་གྲུབ་པར་བགྱིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།