དོལ་པོ་ལྷོ་རི་ཀརྨ་དབང་རྒྱལ། (ཧྥ་རན་སི།)
༄༅། །ན་མོ་གུ་རུ་བཛྲ་སཏྭ་ཡེ།
ཆོས་ཉིད་དོན་གྱི་རིག་པ་ཀུན་ཏུ་བཟང་།།
གནས་ལུགས་རང་ངོ་ཤེས་པའི་རང་བཞིན་དེ།།
ཁྱབ་བདག་དཔལ་མགོན་རྗེ་བཙུན་བླ་མ་ཡིན།།
རང་གྲོལ་རིག་པའི་ངང་དུ་གུས་འཕྱག་འཚལ།།
དེ་ཡང་ཇི་སྐད་དུ། སྒྲ་ཐལ་འགྱུར་ལས། །ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་ཐེག་པ་ལ། །ཡིད་མ་ཆེས་པའི་སྐྱོན་དུ་འགྱུར། ཞེས་གསུངས་པའི་དོན་དྲན་པའི་ངང་ནས་འཆད་པར་བྱ་བ་ལ། དང་པོ་རིགས་རུས་དང་འཁྲུངས་ཡུལ་སོོགས་སྐུ་ན་གཞོན་པའི་སྐབས། བར་དུ་གདན་ས་དང་བཤད་གྲྭ་ཁག་ཏུ་ཐོས་བསམ་ཇི་ལྟར་གནང་བའི་ཚུལ། ཐ་མར་འཁོར་བའི་ཆོས་ཉིད་མི་རྟག་པ་དང་། མི་བརྟན་པ། ངེས་པ་མེད་པ་བཅས་གསུམ་གྱི་རྐྱེན་གྱིས་སྒོམ་དང་སྒྲུབ་པ་ལ་ཡང་གཞོལ་གནང་ནས། མཐར་མྱང་ངན་ལས་འདས་པའི་ངོ་མཚར་བཅས་ས་བཅད་གསུམ་གྱི་ཐོག་ནས་ཞུ་བར་བྱའོ།།
༈ ས་བཅད་དང་པོ་ནི། སྟོད་གངས་དཀར་ཏི་སེ་དང་རབ་ཏུ་ཉེ་བ། དཔལ་དུས་འཁོར་གྱི་ཕྲིན་ལས་གནས་ཆེན་རི་བོ་འབྲུག་སྒྲའི་ཉེ་འདབས། དོལ་པོ་ནང་ཁོངས་ཚོ་གསུམ་གྱི་ཡ་གྱལ། ཀ་རང་ཡུལ་གྱི་མཆོད་གནས་དཔལ་ལྡིང་མདོ་སྔགས་ཆོས་གླིང་དགོན་དུ། ར་དཀར་བླ་མའི་གདུང་རབས། ཡབ་སྔགས་འཆང་རྡོ་རྗེ་འཛིན་པ། དགོན་པ་དེའི་བླ་མ་པདྨ་ཚེ་དབང་དང་། ཡུམ་ཚེ་རིང་ཆོས་འཛོམས་གཉིས་གྱི་གདུང་སྲས་བར་བའི་གྲལ་དུ་སྐུ་འཁྲུངས། སྨྲ་འགྲོ་ཐུབ་ཙམ་ནས་ཡབ་ཀྱི་སྐུ་མདུན་ནས་ཡིག་གེ་འབྲི་ཀློག་དང་། དཔལ་ལྡིང་དགོན་པའི་འདོན་ཆོག་རབ་རིམ་ཙམ་སྦྱངས་བརྩོན་གནང་། དགུང་གྲངས་བཅུ་ཙམ་ནས་ཡབ་ཀྱི་བཀའ་ལྟར་མཁས་སྒྲུབ་གཉིས་ལྡན་གྱི་བླ་མ། འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སྐུ་དངོས་ཀྱི་སློབ་ཆེན། དུས་རབས་ཉི་ཤུའི་ནང་དུ་དོལ་ཕྱོགས་སུ་མཚན་སྙན་རབ་ཏུ་འབར་བ། སྐྱབས་རྗེ་ཚེ་རིང་བཀྲ་ཤིས་ཀྱི་སྐུ་མདུན་དུ་མི་ལོ་བཅུ་ཕྲག་གཅིག་དང་ཕྱེད་ཙམ་གྱི་རིང་ལ། གཙོ་བོ་བདུད་འཇོམས་གཏེར་གསར་གྱི་སྔོན་འགྲོ་ནས། དངོས་གཞི་རྫོགས་པ་ཆེན་པོའི་དམར་ཁྲིད་ཕལ་ཆེར་གསན་བསམ་སྒོམ་སྒྲུབ་གནང་བ་ཡིན་གསུངས། ཁྱད་པར་ལོ་གསུམ་སྐུ་མཚམས་ལ་བཞུགས་ཤིང་། བླ་མའི་བཀའ་ལྟར་རྩེ་གཅིག་ཏུ་གཞི་གནས་དང་ལྷག་མཐོང་གི་གནད་ལ་ཏིང་འཛིན་བསྒོམས་ནས། སྣང་ཉམས་དང་སྟོང་ཉམས་ལང་མ་ལིང་ཤར་བའི་རྐྱེན་གྱིས། རྗེས་ཐོབ་ཏུ་དེ་དག་གི་སྤྱོད་པ་བསྐྱངས་ནས། མཐུན་སྣང་གི་འགྲོ་བའི་སྣང་ཚུལ་དང་མ་མཐུན་ནས། མི་ཚོས་ཁོང་ལ་རྡོ་རྗེ་ཆོས་མཆོག་སྨྱོས་འདུག་ཅེས་མི་ཁ་ངན་པ་ཡང་ཕོག་མྱོང་ཞེས་གསུངས་སོང་།
དེ་ནས་ཚེ་སྔོན་བསོད་ནམས་དང་ལས་དབང་དམན་པའི་རྐྱེན་གྱིས། དྲིན་ཆེན་གྱི་ཡབ་ཆེན་གློ་བུར་འདས། དེའི་རྗེས་སུ་མཁན་སྟེང་གི་བླ་མ་ཡིད་བཞིན་ནོར་བུ་ཡང་སྐུ་མྱ་ངན་ལས་འདས་ཤིང་། སྔར་ཡབ་དམ་པ་དང་བླ་མའི་སྐུ་མདུན་ནས་ཐོབ་པའི་བཀའ་ཆོས་རྣམས་གོ་ཡུལ་དུ་ལུས། ཅུང་ཟད་ཉམས་སུ་བླངས་པའི་ཉམས་སྣང་རྣམས་ཀྱང་ན་བུན་བཞིན་གཅིག་རྗེས་གཉིས་འཐུད་དུ་ཡལ་ནས། རང་ཡུལ་དང་དོལ་པོའི་ཡུལ་དུ་མར་དཀོར་ཁ་གྲོང་ཆོག་ལ་དགུན་ཁ་རིམ་རྒྱུད་བསྐྱལ་ཞིང་། དབྱར་རྣམས་སུ་ཞིང་ལས་འདྲ་བྱས། སྒམ་གླུ་སྐེད་ལ་བསྐོར་ནས་རྣམ་གཡེང་དང་། ལེ་ལོའི་ངང་དུ་ལོ་བཅུ་ཕྲག་ལྷག་ཐལ་སོང་གསུངས། དེ་ནས་སླར་ཡང་ཐོས་བསམ་སྒོམ་སྒྲུབ་མུ་འཐུད་ནས་བྱེད་དགོས་བསམ་པའི་ཀུན་སློང་ཡང་ཡང་འཁོར་ནས། རང་ལ་ཡོད་པའི་དངོས་པོ་རྟ་ཞིག་ཡོད་པ་དེ་མེ་མེ་ཉི་མ་བཀྲ་ཤིས་ལ་བལ་སྒོར་སྟོང་བཞི་བཅུ་བྱས་ནས་བཙོངས་ཤིང་། རྒྱ་གར་དང་བལ་ཡུལ་སོགས་ལ་ཆོས་སྒོར་འགྲོ་རྒྱུར་སེམས་ཐག་བཅད་པ་ཡིན། སྐབས་དེ་དུས་མེ་མེ་ཉི་མ་བཀྲ་ཤིས་ནས་ཁ་བརྡ་བསླབ་བྱ་དང་། བལ་སྒོར་ཉིས་བརྒྱ་དང་ཁ་དར་ཞིག་གནང་བྱུང་། ཁོང་གི་བསླབ་བྱ་གནང་དུས་སྔར་རང་གི་ཡབ་དང་མཁན་ལྡིང་གི་བླ་མ་ཡིད་བཞིན་ནོར་བུ་གཉིས་ཡིད་ལ་ཤར་ནས། སེམས་ཧ་ཅང་སྐྱོ་བོ་བྱུང་ཞེས་སྐུ་ཉིད་ནས་གསུངས་སོང་།
གནས་ཚུལ་དེ་དག་ནི། ཁོ་བོ་ལྷོ་རི་ཀརྨ་དབང་རྒྱལ་གྱིས་བླ་མ་རྡོ་རྗེ་ཆོས་མཆོག་དང་མཉམ་དུ་མི་ལོ་བརྒྱད་ལྷག་ཙམ་བཤིབས་དུས། སྐུ་ཉིད་ཀྱི་ཞལ་ནས་གང་ཐོས་པ་ལྟར། ཁོང་གི་རྣམ་ཐར་ལོ་རྒྱུས་ལ་རབ་ཏུ་ཐད་པར་མཐོང་ནས། འདིར་ཡིག་གེར་བཀོད་པའོ།།
༈ ས་བཅད་གཉིས་པ། བར་དུ་གདན་ས་དང་བཤད་གྲྭ་ཁག་ཏུ་ཐོས་བསམ་ཇི་ལྟར་གནང་བའི་ཚུལ་ནི། སྤྱི་ལོ་ ༢༠༠༠ གི་ལོར་ཁོང་རང་ཡུལ་ནས་བལ་ཡུལ་བསམ་ཡས་རྗེས་དྲན་བཤད་གྲྭ་ལ་ཕེབས་པ་དང་། མི་ལོ་བཞི་ཙམ་གྱི་རིང་གདན་ས་དེར་བརྡ་དག་རིག་གནས་དང་། སྤྱོད་འཇུག་སོགས་མདོ་སྔགས་ཀྱི་གཞུང་རབ་རིམ་ལ་ཐོས་བསམ་གནང་ཡང་། དགོན་པ་དེ་ལས་ཀྱང་ཐོས་བསམ་སྒོམ་གསུམ་བཟང་བ་ཡོད་ས་ཞིག་ལ་འགྲོ་འདོད་བྱུང་བ་འདྲ། སྐབས་དེ་དུས་ཁོང་དང་ཁོ་བོའི་ཅོ་ཅོ་སངས་རྒྱས་ཚེ་རིང་(ཤུག་མཚེར་བླ་མ་མཁས་སྒྲུབ་)གཉིས་འབྲེལ་བ་བྱུང་ནས། ཁོ་བོ་ལ་ཅོ་ཅོ་མཁས་སྒྲུབ་ཀྱིས་ཁོང་བྷིར་དཔལ་ཡུལ་ཆོས་འཁོར་གླིང་གི་བཤད་གྲྭ་ལ་འཁྲིད་ཅེས་ ༢༠༠༣ གྱི་ལོ་མཇུག་ལ་བཀའ་ཕེབས་པ་ལྟར། སྤྱི་ལོ་ ༢༠༠༤ ལོར་ཁོ་བོས་དཔལ་ལྡིང་བླ་མ་རྡོ་རྗེ་ཆོས་མཆོག་གནས་ཆེན་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་སྐབས་སུ་སྐུ་དངོས་དང་མཇལ་བ་ཡིན། དེ་དུས་ཁོང་ཉིད་ནས་ཁོང་ཐེག་མཆོག་རྣམ་གྲོལ་གླིང་ལ་འགྲོ་འདོད་འདུག འོན་ཀྱང་ཁོང་བལ་ཡུལ་དུ་ཚ་བས་ལུས་ཁམས་བདེ་བོ་རང་མ་བྱུང་། རྒྱ་གར་ལྷོ་ཕྱོགས་ཚ་བ་ཆེན་པོ་ཡོད་ཚུལ་ཐོས་སོང་ཞེས་གསུངས་པ་དྲན། ན་ཚོད་བྱས་ན་ཁོང་ང་ལས་ལོ་བཞི་ཙམ་ཆེ་བ་དང་། གཉེན་ཁུངས་ནས་བཤད་ན་ང་ཁོང་གི་ཨ་ཁུ་གྲུང་གྲུང་ཡིན་ཕྱིར། གུས་པས་ཁོང་ལ་རོགས་པ་གང་ཐུབ་བྱེད་རྒྱུར་ཁས་ལེན་ཞུས་པ་ཡིན། དེ་ནས་ངེད་ཁུ་ཚ་གཉིས་སྨོན་ལམ་མཉམ་དུ་འཚོགས་ཤིང་། མཐར་སྨོན་ལམ་ཆེན་མོ་གྲོལ་བ་དང་། གུས་པས་ཁོང་བདག་གི་རིགས་བདག་རི་སྤྲུལ་བསོད་ནམས་བསྟན་འཛིན་ནམ། སྐྱབས་རྗེ་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་ཡི་སྐུ་མདུན་ལ་འཁྲིད་ནས། དགེ་འདུན་གསར་པ་ཡིན་ཚུལ་སོགས་ཞུས་པས། མགོན་པོ་གང་གིས་ཐུགས་བརྩེ་བ་ཆེན་པོས་རང་དགོན་དུ་ཐོས་བསམ་སློབ་གཉེར་གནང་ཆོག་པའི་བཀའ་ཡིས་གནང་བ་ཟབ་མོ་ཐོབ།
དེ་ནས་ངེད་ཁུ་ཚ་གཉིས་གནས་མཆོག་ཝ་ར་ནཱ་སི་ལ་རྒྱལ་བ་ཀློང་ཆེན་པའི་འདས་མཆོད་སྨོན་ལམ་ལ་ཕྱིན་པ་ཡིན། སྐབས་དེ་དག་ཏུ་ཁོ་བོ་ནི་འུར་ཤོབ་དང་ཟང་ཟིང་ལ་དགའ་ཡང་། ཁོང་ནི་རྟག་ཏུ་ཞལ་འདོན་ཆག་མེད་ངང་ཀུན་སྤྱོད་ཞི་ཞིང་དུལ་བ་ཞིག་འདུག ད་རུང་མི་གཤིས་ངོ་མ་ནི་་་་་་མ་གཏོགས། དེ་ནས་ང་ཚོ་གནས་ཆེན་ཝཱ་ར་ན་སི་ནས་རྒྱ་གར་བྱང་ཕྱོགས་བྷིར་ལ་མེ་འཁོར་རྒྱུད་ཉིན་མཚན་གསུམ་ཙམ་འགྲུལ་བཞུད་བྱས་པ་ཡིན། སྐབས་དེ་དུས་ངས་ཁོང་ལ་ཁྱོད་རང་དགོན་པ་ལ་འབྱོར་ནས་ཆང་རག་འཐུང་བ་དང་། དགོན་པའི་སྒྲིག་ཁྲིམས་ཚུལ་བཞིན་མི་ཁུར་བ་སོགས་རང་མི་རིགས་ཀྱི་ཞབས་འདྲེན་གཏན་ནས་བྱེད་མི་ཆོག ཁྱད་པར་དུ་ཐོས་བསམ་སློབ་གཉེར་གྱི་སྦྱངས་པ་འབུར་དུ་འཐོན་པ་བཟོ་དགོས། དེ་ལྟར་མ་བྱས་ན་ཁྱོད་ཀྱི་འགན་ཁུར་ང་ཡིན་ཕྱིར། མི་འགྲིག་མདོག་མདོག་སོགས་སློབ་གསོ་འམ་རྡིག་ར་བྱེད་མྱོང་། ཕྱིས་སུ་ཁོང་གི་འགྱུར་བ་མེད་པའི་ཚུལ་ཀུན་སྤྱོད་ཞི་དུལ་བག་ཕེབས། ཡ་རབས་སྤྱོད་བཟང་། ཐོས་བསམ་སློབ་གཉེར། ཉམས་ལེན་ཆུ་བོའི་རྒྱུན་ལྟར་གནང་ནས་དགེ་འདུན་པ་ཀུན་གྱིས་ཐུགས་དབང་མེད་འཕྲོགས་ཤིང་། བླ་མ་རྡོ་རྗེ་ཚེ་རིང་ཞེས་ཀུན་གྱིས་བསྟོད་མངགས་འབུལ་སའི་ཡུལ་དུ་འགྱུར་པ་མ་ཚད། དགོན་པ་དེའི་དགེ་འདུན་པ་ཚོའི་གཉེན་ཉེ་བ་སོགས་འདས་གྲོངས་ཤོར་བ་དང་། ན་ཚ་རྐྱེན་ངན་སོགས་གང་བྱུང་ཚང་མའི་བསྔོ་རྟེན་སྐྱབས་རྟེན་རྣམས་བླ་སྤྲུལ་མཁན་པོ་ཆེ་བར་གྲགས་པ་ཚོ་ལ་མི་འབུལ་བར། བླ་མ་རྡོ་རྗེ་ཆོས་མཆོག་(མཁན་ལྡིང་བླ་མ་ཡིད་བཞིན་ནོར་བུ་སྐྱབས་རྗེ་ཚེ་རིང་བཀྲ་ཤིས་ཀྱིས་གནང་བའི་མཚན་གནས། བྷིར་དགོན་པར་ཁོང་ལ་བླ་མ་རྡོ་རྗེ་ཚེ་རིང་ཟེར།)ཅེས་ཀུན་གྱིས་དད་གུས་མོས་པ་བྱེད་ཡུལ་དུ་འགྱུར་བ་ནི། ངོ་བསྟོད་ཙམ་མ་ཡིན་པར་བྷིར་དཔལ་ཡུལ་ཆོས་འཁོར་གླིང་གི་དགེ་འདུན་ཆེ་ཕྲ་ཆུང་གསུམ་སུ་ལ་འདྲིས་ཀྱང་ཤེས་རྒྱུ་ཡོད་པ། དངོས་ཡོད་གནས་ཚུལ་ཡིན་པའི་གདེང་ཚོད་ཡོད་པའི་ཕྱིར་ན་རྟོག་དཔྱོད་མཛོད་ཅིག
རྒྱུ་མཚན་དེའི་ཕྱིར་སྔར་རང་གིས་ཁོང་ལ་སློབ་གསོ་རྒྱབ་པ་དག་དྲན་ནས་ངོ་ཚ་ཐིང་ཐིང་འདྲ་འདུག ལར་ལོ་དེ་ནས་ཁོང་བྷིར་བཤད་གྲྭ་ལ་བཞུགས་ཤིང་། ལོ་དེར་ཁོ་བོ་ཡང་ལོ་རིམ་དྲུག་པར་བསླེབ་ནས་སྐྱོར་དཔོན་གྱི་མིང་སྐམ་ཐོགས། བཤད་གྲྭ་ལོ་རིམ་དང་པོའི་སྤྱོད་འཇུག་དང་སྡོམ་སུམ་རྣམ་ངེས་ཀྱི་སྐྱོར་སྦྱོང་ནེ་ཙོའི་མ་ཎི་འདོན་འདྲའི་ཚུལ་ནས་ཁོང་དང་སློབ་གཉེར་བཅུ་ཕྲག་གཉིས་ཙམ་ལ་བཤད་ཁུལ་བྱས་དུས། ཟླ་ངོ་བཅུ་ལྷག་གི་རིང་ངེད་ཁུ་ཚ་གཉིས་ཕྱི་ལྟར་དགེ་རྒན་དགེ་ཕྲུག་གི་རྣམ་པར་བྱས་ཀྱང་། དོན་ལ་ཁོང་དང་ཁོང་གི་འཛིན་གྲྭ་རོགས་པ་དགེ་འདུན་ཁ་ཤས་དངོས་གནས་ཆོས་པ་བཟང་པོའི་སྣུམ་ཞག་འཁྱིལ་བ། ཆོས་བརྒྱད་རེ་དོགས་རླུང་ལ་བཀུར་ནས། དམ་པའི་དྲི་བཟང་ཕྱོགས་བཅུར་ཐུལ་ལེ་བ་ཞིག་ཏུ་འདུག་པས། ཁོ་བོས་ཉིན་མོ་རིམ་རྒྱུད་སྐྱོར་སྦྱོང་བྱེད་སྐབས་ལ། རང་ཉིད་ཕྱོགས་གང་ཐད་ནས་མིང་སྐམ་ཟོག་སྟོང་། ཁ་བཤད་སྟོང་པའི་འུར་སྒྲ་སྒྲོག་མཁན་ཞིག་ཡིན་པའི་ཚོར་སྣང་ཡང་ཡང་སྐྱེས།
སྤྱི་ལོ་ ༢༠༠༥ ཡི་ལོར་དགོན་དེར་མཁན་ཆེན་ཡིད་བཞིན་ནོར་བུ་པདྨ་ཤེས་རབ་རིན་པོ་ཆེ་ཕེབས་ནས། བླ་མ་རྡོ་རྗེ་ཆོས་མཆོག་གིས་ཚིགས་སྔ་མ་དགེ་ཚུལ་གྱི་བསླབ་པ་རིན་པོ་ཆེ་དྲང་སྲོང་ཆེན་པོའི་ཆ་ལུགས་སུ་བཞེས་ནས། ཉེས་སྐྱོན་དྲི་མས་མ་འགོས་ཤིང་དགེ་འདུན་གྱི་དངོས་པོ་ངོ་མར་འགྱུར་བ་ནས་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་འབར་བའོ། །དེ་ནས་ཁོང་ནི་གོང་དུ་ཞུས་ཟིན་ལྟར་ཐོས་བསམ་སྒོམ་པའི་འོད་མདངས་འཕྲོ་ཞིང་། བྱམས་དང་སྙིང་རྗེའི་ཐུགས་རྒྱུད་རབ་ཏུ་གཏམས་ཤིང་། ཉིན་མཚན་དུས་དྲུག་ཏུ་ཐོས་དོན་སྒོམ་པའི་སྲང་ལ་འཇལ་ཞིང་། གཟའ་འཇུག་རྣམས་སུ་དགེ་འདུན་གཞན་ལྟར་རྩེད་མོ་རྣམ་གཡེང་གིས་ངང་དུ་མ་ཡིན་པར་། འགྲོ་བ་ནད་པ་རྣམས་ཞབས་རིམ་དང་། ཤི་བོ་རྣམས་ལ་བསྔོ་སྨོན། དགེ་འདུན་ཉམ་ཆུང་སྐྱོ་བོ་རྣམས་ལ་གང་ཉིད་ལ་བྱུང་བའི་དད་རྫས་ཕལ་ཆེ་བ་སྦྱིན་མཁན་བྱང་ཆུབ་སེམས་དཔའི་རང་མདངས་གསལ་ལེར་ངོམ་ནས། དགོན་དེའི་དགེ་འདུན་མཐོ་དམན་བར་གསུམ་གྱི་རབ་ཏུ་བཀུར་བར་འགྱུར་རོ། །དེ་ཡི་རྐྱེན་གྱིས་བྷིར་གཞི་ཆགས་ཀྱི་ཡུལ་མི་རྣམས་ཀྱང་ཁོང་ཉིད་རིམ་འགྲོའི་བླ་མར་ཨེ་ཐོབ། གདན་འདྲེན་ཨེ་ཐུབ་ཀྱིས་ཁོང་ཉིད་གཟའ་འཇུག་ཕལ་ཆེ་བར་གྲོང་མི་ཚོའི་རེ་བའི་དོན་སྒྲུབ་པར་གཡེལ་བ་མེད་པའི་མཛད་པ་བསྐྱངས། དེ་རྗེས་ཁོང་བཤད་གྲྭ་ལོ་རིམ་གསུམ་པ་དང་བཞི་བ་གཉིས་སུ་ཕེབས་སྐབས། སླར་ཡང་ཁོ་བོ་སྐྱོར་དཔོན་ཁེལ་ནས་དབུ་མ་རྩ་འཇུག་ཞི་གསུམ། དམ་པའི་ཆོས་མངོན་པ་དང་སྟོན་པ་ཚད་སྒྲུབ་སོགས་ཀྱི་སྐྱོར་སྦྱོང་ཕུལ་ཁུལ་བྱས་ཀྱང་། དོན་ལ་ཁོང་ནི་བླུན་པོ་བདག་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་སྐུ་ཡོན་ཆེ་བ་ཡིན་པ་རང་རིག་གིས་གསལ་པོར་ཚོར་མོད། དེ་ལྟར་ཡང་དགོན་པའི་སྒྲིག་འཁྲིམས་དང་གོ་རིམ་དེ་ཡིས་ཁོ་བོ་སྤྲེའུ་ཡི་ཟློས་གར་ལྟ་བུ་ནི་མ་འཁྲབས་རང་འཁྲབས་བྱུང་།
དེ་ནས་སྤྱི་ལོ་ ༢༠༠༨ ཀྱི་ལོའི་རྒྱལ་བ་ལྷ་ལས་བབས་པའི་དུས་ཚེས་ཁྱད་དུ་འཕགས་པ་ཡར་ངོའི་ཚེས་བཟང་ལ། ཁྱབ་བདག་འཁོར་ལོའི་མགོན་པོ། མདོ་སྔགས་བསྟན་པའི་མངའ་བདག འདུལ་འཛིན་བྱེ་བའི་གཙུག་རྒྱན། ཐེག་མཆོག་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར། རིག་པ་འཛིན་པ་གསུམ་ལྡན་རྡོ་རྗེ་རྒྱལ་པོ། སྐྱབས་རྗེ་འཁོར་ལོའི་མགོན་པོ་མཚན་བརྗོད་པར་དཀའ་ཡང་། མཚན་ནས་གསོལ་བ་བཏབ་ན། སྟག་ལུང་བརྩེ་སྤྲུལ་རིན་པོ་ཆེའི་སྐུ་མདུན་ནས་ཡོངས་རྫོགས་དགེ་སློང་གི་དངོས་པོ། འཕགས་པའི་དགེ་འདུན། དམ་ཆོས་འདུལ་བ་འཛིན་པའི་གྲལ་བསྙེགས་པ་ནི། ལུང་ཁུག་དོལ་པོའི་མི་རིགས་ཞིག་དཔལ་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པའི་མེ་རོ་སློང་མཁན་གྱི་སྒྱུ་འཕྲུལ་ངོམ་པ་ལགས། ལོ་དུས་དེ་དག་གི་རིང་ལ་སྐྱབས་རྗེ་བརྩེ་སྤྲུལ་རིན་པོ་ཆེའི་སྐུ་མདུན་ནས་ཀློང་ཆེན་གསུང་འབུམ་ཡོངས་ཀྱི་ཁྲིད་ལུང་། སྐྱབས་རྗེ་འཁོར་ལོའི་མགོན་པོ། དཔལ་རྒྱལ་བ་མདོ་མང་གཡང་ཐང་ཆོས་ཀྱི་རྒྱལ་པོའི་སྐུ་མདུན་ནས་སྔ་འགྱུར་བཀའ་མའི་དབང་ལུང་ཡོངས་རྫོགས། སྐྱབས་རྗེ་གྲུབ་དབང་འཁོར་ལོའི་མགོན་པོའི་སྐུ་མདུན་ནས་གནམ་ཆོས་སྔོན་རྩ་རྫོགས་གསུམ། སྐྱབས་རྗེ་རབ་བྱམས་རིན་པོ་ཆེའི་སྐུ་མདུན་ནས་མི་ཕམ་གསུང་འབུམ་ལྗགས་ལུང་ཡོངས་རྫོགས། སྐྱབས་རྗེ་རྫོང་གསར་མཁྱེན་བརྩེའི་སྐུ་མདུན་ནས་གདམས་ངག་མཛོད་ཀྱི་དབང་ལུང་ཁྲིད་གསུམ་ཡོངས་རྫོགས། མཁན་ཆེན་པདྨ་ཤེས་རབ་རིན་པོ་ཆེའི་སྐུ་མདུན་ནས་ངེས་ཤེས་སྒྲོན་མེ། དཔལ་སྒྱུ་འཕྲུལ་དྲྭ་བ་གསང་སྙིང་སོགས་བཀའ་འཁྲིད་ལེགས་པར་བླ་མ་རྡོ་རྗེ་ཆོས་མཆོག་གིས་གསན་བསམ་གནང་བའོ། །གཞན་ཡང་དགེ་བའི་བཤེས་གཉེན་བཅུ་ཕྲག་གི་སྐུ་མདུན་ནས་རྟགས་སུམ་སྙན་སོགས་རིག་གནས་དང་། ཐེག་གསུམ་བཀའ་བསྟན་གྱི་དགོངས་འགྲེལ་མང་པོའི་བཀའ་འཁྲིད་རྣམས་གསན་བསམ་གནང་བའི་ཕྱིར་ན་ཐོས་པ་རྒྱ་མཚོ་ཆེན་པོ་རབ་ཏུ་འཁྱིལ་བའི་ངོ་མཚར་མཛད་པའི་སྐབས་གཉིས་པའོ།།
༈ ས་བཅད་གསུམ་པ། ཐ་མར་འཁོར་བའི་ཆོས་ཉིད་མི་རྟག་པ་དང་། མི་བརྟན་པ། ངེས་པ་མེད་པ་གསུམ་གྱི་རྐྱེན་གྱིས་སྒོམ་དང་སྒྲུབ་པ་ལ་ཡང་གཞོལ་གནང་ནས་མཐར་མྱང་ངན་ལས་འདས་པའི་ཚུལ་ནི། ཕལ་ཆེར་སྤྱི་ལོ་ ༢༠༠༨ ཀྱི་ལོ་མཇུག་དེ་བ་རུ་ཁོང་གློ་བུར་དུ་མ་རྒན་དྲིན་མོ་ཆེ་ཐུག་འཕྲད་ལ་ཕ་ཡུལ་ལ་འགྲོ་རྒྱུ་ཡིན་ཞེས་བདག་ལ་ནང་མོལ་དུ་གསུངས་བྱུང་། ང་ཡི་བསམ་པ་ལ་ཁོང་ད་ལྟ་དཔེ་ཆ་གཟིགས་བཞིན་པ་ཡིན་དུས། ཡར་འགྲོ་མར་འགྲོ་འདི་བར་ཆད་ཡིན་ངེས། ངས་གཤོལ་ཨེ་ཐེབས་བྱེད་དགོས་དྲན་ཞིང་། "རེ་ཞིག་འགྲོ་མི་ཉེན། དང་ཐོག་ལོ་རིམ་དགུ་འདི་འཐོན་དགོས་པ་གལ་ཆེ། དེ་རྗེས་མ་རྒན་ཐུག་ཆོག་རེད། ལས་འབྲེལ་མེད་ན་ཁྱེད་ད་ལོ་ཕྱིན་ཡང་མ་རྒན་ཐུག་མི་སྲིད། འཁོར་བའི་ཆོས་ལ་རྟག་བརྟན་ངེས་པ་གང་ཡང་མེད་པ་མཁྱེན་གསལ་རེད་པ།" སོགས་ཆོས་བཤད་དང་རྫིག་གཏམ་ཉག་ཉོག་གང་མང་ཞུས་ཀྱང་། སྤྱིར་བཏང་བླ་མ་རྡོ་རྗེ་ཆོས་མཆོག་ནི་ཁོང་རང་གིས་སེམས་ཐག་ནང་ནས་བཅད་ཚར་ན། སུས་ཀྱང་ཁ་ལ་གསན་འཇོག་མི་གནང་ངེས་ཅན་རེད། དེ་ནས་ལོ་དེའི་བཤད་གྲྭ་ཡར་འགོ་འཛུགས་རན་ཁ་དེ་བ་ལ་ཁོང་གློ་བུར་དུ་ཕ་ཡུལ་ལ་ཕེབས་རྩིས་གནང་བཞིན་འདུག ངས་"ཨ་ཙི། ད་ངོ་མ་འགྲོ་ན་ལམ་གྲོན་དངུལ་ཡོད་དམ་"ཞུས་པ་ཡིན། "ཧིན་སྒོར་སྟོང་གསུམ་བཞི་ཞིག་ཡོད་"གསུངས་སོང་། "དེས་ག་ལ་འདང་"ཞུས་པ་ཡིན། ངས་ཁོང་ལ་"མི་སྐྱུར་ཏོ་རང་རེད་འདུག་"ཅེས་ཤེ་ཤེ་ཐུ་ཐུ་འགའ་བྱས་པ་ཡིན། ལར་རང་གི་ཚ་བོ་དང་། ཁོང་ནི་དོན་ལ་ཆོས་པ་བཟང་པོ་སྦས་པའི་རྣལ་འབྱོར་ཞིག་ཡིན་པའི་ཕྱིར་ན། ཁོ་བོས་རང་གི་ལག་དངུལ་ནས་ཧིན་སྒོར་སྟོང་བརྒྱད་དང་དར་ཞིག་ཕུལ་ནས། ངས་ཀྱང་གློ་བུར་དུ་ཁ་ནས་འདི་ལྟར་ཤོར་སོང་། "ང་ཡི་བསམ་ཚོད་བྱས་ན། ཁྱོད་རང་ཕ་ཡུལ་ལ་མ་འབྱོར་སྔོན་མ་རྒན་ཚེ་ལས་འདའ་སྲིད། འཁོར་བའི་ཆོས་ཡ་མ་རླ། ངེས་པ་མེད་པའི་རང་བཞིན་རེད། ད་ཁྱེད་རང་གིས་ཤེས། ལར་ལམ་ལ་ཐུགས་ལྕག་གང་ཟབ་གནང་"སོགས་གཉེན་ཉེ་བའི་མཐའ་ཚིག་བསྒྲགས་པ་ཡིན། དེ་ནས་ཁོང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱུད་སྣུམ་འཁོར་ལམ་ནས་བལ་ཡུལ་ལ་ཕེབས་སོང་། བལ་ཡུལ་དུ་ཟླ་ཕྱེད་ཙམ་ལྷོ་རི་བ་བཟང་མོ་ཞེས་བུད་མེད་ཉམ་ཆུང་སྐྱོ་བོ་ཞིག་ཡོད་པ་དེ་ཡིས་ཁོང་ལ་གནས་ཚང་གཡར། མོ་རང་ནས་དད་མོས་ཆེན་པོའི་ཐོག་རང་ཉིད་དབུལ་ཡང་མཆོད་འབུལ་ཞབས་ཏོག་གང་མིན་ཚད་བྱས་བྱུང་ཞེས་ཕྱིས་བླ་མ་རྡོ་རྗེ་ཆོས་མཆོག་ཚུར་དགོན་པ་འབྱོར་དུས་གསུངས་མྱོང་། གང་ལྟར་ངས་བསམ་པ་དང་བཤད་པ་ཇི་བཞིན་ཁོང་དུང་ཉལ་དེ་བ་ལ་འབྱོར་དུས་ཕ་ཡུལ་དཔལ་ལྡིང་དགོན་ན་ཁོང་གི་མ་རྒན་ཚེ་ལས་འདས་ནས། ཁོང་གི་རེ་བ་མ་རྒན་ཐུག་ཕྲད་དེ་ལམ་ལྷོངས་མ་བྱུང་ནས། ལོ་དེའི་ལོ་མཇུག་ལ་སླར་ཡང་ཁོང་རྡོར་གདན་སྔ་འགྱུར་སྨོན་ལམ་བརྒྱུད་རང་དགོན་དཔལ་ཡུལ་ཆོས་འཁོར་གླིང་དུ་འབྱོར་སོང་།
དེ་ནས་སྤྱི་ལོ་ ༢༠༠༩ དེ་བ་ནས་བླ་མ་རྡོ་རྗེ་ཆོས་མཆོག་ནི། སྔར་དང་མི་འདྲ་བར་ཐུགས་སྐྱོ་སྣང་། ངེས་འབྱུང་གི་བློ་བཅོས་མ་མིན་པ་ལྷང་ལྷང་ངོམ་ཞིང་། "མུ་འཐུད་ནས་དཔེ་ཆ་གཟིགས་རྒྱུ་མིན། ད་ནི་གཙོ་བོ་སྒོམ་སྒྲུབ་རང་ལ་འབད་དགོས་འདུག་"ཅེས་གསུང་ཞིང་། བཤད་གྲྭ་ལོ་རིམ་དྲུག་པ་དེ་བ་ནས་མཐར་ཆགས་ཀྱི་རྒྱུགས་སྤྲོད་སོགས་མི་གནང་བར། མདོ་གོང་མ་སྔགས་གཞུང་ཡོངས་རྫོགས་མཁན་སློབ་ཟུར་བསྟེན་དང་ཟུར་སྦྱོང་གི་ཚུལ་དུ་ཞུས་ནས། གཙོ་བོ་སྔོན་འགྲོ་བློ་ལྡོག་རྣམ་བཞི་དང་སྐྱབས་སེམས་སོགས་ཚོགས་གསོག་གི་ངང་ལ་ཉི་མཚན་དལ་མེད་བརྩོན་བཞིན། "ད་ནི་མཚམས་ཞིག་སྡོད་དགོས་"ཞེས་བདག་ལ་ཡང་ཡང་ནང་མོལ་གྱི་ཚུལ་དུ་གསུངས་སོང་། དེ་ནས་གུས་པས་"འོ་ད་དེ་འདྲ་གནང་ན་ཁྱེད་རང་བལ་ཡུལ་ཡང་ལེ་ཤོད་མཁན་ཆེན་རྣམ་གྲོལ་སྐུ་མདུན་ལ་ཕེབས། ཁོང་མཁས་སྒྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་མ་ཚད། མན་ངག་དམར་འཁྲིད་ཀྱང་གསུངས་དང་གསུང་བཞིན་པའི་ཕྱིར་ན། ཁྱེད་ཀྱིས་འདོད་དོན་འགྲུབ་ངེས་ཅན་རེད། ངས་དེ་ལ་མཚམས་སྦྱོར་དང་གང་དགོས་ཞབས་ཏོག་འབུལ་ཆོག ང་མཁན་ཆེན་རྣམ་གྲོལ་དང་ཅུང་ཟད་འབྲེལ་འདྲིས་ཡོད་ལ། ཁྱད་པར་མཁན་ཆེན་མཆོག་གི་སྐུ་བཅར་ཉེ་གནས་མགོ་ལོག་བླ་མ་ཀརྨ་ང་དང་ཆོས་གྲོགས་ཀྱི་འབྲེལ་བ་དམ་ཟབ་ཡོད་"ཅེས་ཞུས་པ་ཡིན། འོན་ཀྱང་དེ་ལ་བླ་མ་རྡོ་རྗེ་ཆོས་མཆོག་ཐུགས་འཐད་པོ་རང་གནང་མ་སོང་ལ། "ང་བལ་ཡུལ་ཡང་ལེ་ཤོད་ལ་མཚམས་སྡོད་འདོད་རང་མི་འདུག བྱུང་ན་གནས་ཆེན་མཚོ་པདྨ་ལ་བྱུང་ན་"ཞེས་ནང་མོལ་སྣ་མང་བྱུང་། སྐབས་དེ་དག་ཏུ་ཁོ་བོ་ཧ་ཅང་བྲེལ་ཟིང་ཆེ་ལ། དགོན་པའི་ལས་བྱེད་དང་། སློབ་སྤྱི་སོགས་ལས་འགན་ག་གེ་མོའི་ངང་ནས། ཁོང་ལ་ལོ་གཉིས་ཙམ་གྱི་རིང་དམིགས་བསལ་ཞབས་ཏོག་གནད་སྨིན་སྒྲུབ་མ་ཐུབ།
དེ་ནས་སྤྱི་ལོ་ ༢༠༡༡ གི་ལོར་ཁོ་བོས་བླ་མ་རྡོ་རྗེ་ཆོས་མཆོག་ཁོང་། སྐྱབས་རྗེ་ཡིད་བཞིན་ནོར་བུ་གཡང་ཐང་རིན་པོ་ཆེ་སྐུ་མདུན་ལ་བཅར་ནས། ངེད་ཁུ་ཚ་གཉིས་ཀྱི་«ཚིག་གསུམ་གནད་རྡེག་»གིས་བཀའ་ཁྲིད་ཟབ་མོ་ཞིག་གི་སྐལ་བཟང་ཐོབ། དེ་རྗེས་ཁོ་བོ་ཡང་དགོན་པའི་ལས་འགན་གྲུབ་ནས། དགོན་པ་ནས་དགོངས་པ་ཞུས་ཤིང་མཚོ་པདྨར་སྔོན་འགྲོ་འབུམ་ལྔའི་ཕྲལ་ཙམ་ཞིག་བསྐྱལ། ཚ་བོ་བླ་མ་རྡོ་རྗེ་ཆོས་མཆོག་སྐུ་མཚམས་ལ་དགོས་པའི་ཡོད་ཆས་ཡོངས་སུ་རྫོགས་པ། གྲང་ལོགས། ཐབ་ཆས། བཞུགས་ཁྲི་མལ་གདན། མཆོད་རྫས་སོགས་ཡོངས་སུ་རྫོགས་པ་ཧིན་སྒོར་སྟོང་བདུན་ཅུ་ལྷག་ཙམ་གྱི་དོད་ཅོ་ཅོ་མཁས་སྒྲུབ་དང་། དད་ལྡན་སྦྱིན་བདག་ཐེ་ཝན་གྱི་རྒྱ་ཞིག་ལ་བསླངས་ནས། ཁོང་ལ་ཞབས་ཏོག་རོགས་རམ་ཅུང་ཟད་ཕུལ་ཐུབ་པ་དང་། དེ་བཞིན་བླ་མ་རྡོ་རྗེ་ཆོས་མཆོག་ཁོང་དག་སྣང་དང་། གཞན་ལ་གུས་བརྩི་ཆེ་བའི་ཕྱིར་ན། ཁོང་ཉིད་ནས་ང་ལ་ས་རྡོ་གསེར་གཟིགས་ཀྱིས་ཚུལ་དུ་"ཀུན་བཟང་ཟིན་བྲིས་ཀྱི་ཁྲིད་ལུང་ཞིག་དགོས་"ཞེས་གསུང་ནན་ཆེ་བས། བཀའ་མ་ལྡོག་ཙམ་དུ་གུས་པས་ཁོང་མཚོ་པདྨར་སྐུ་མཚམས་མ་བཞུགས་པའི་སྔོན་དེར་མཁན་ཆེན་ངག་གི་དབང་པོའི་གསུང་། ཀུན་བཟང་ཟིན་བྲིས་དེ་ཟླ་ཕྱེད་ཙམ་གྱི་དུས་ཡུན་ལ་རིག་འཛིན་གོང་མ་རྣམས་གསོལ་བ་དྲག་ཏུ་བཏབ་ནས་ཁྲིད་ལུང་ཞིག་ཕུལ་བ་ཡིན། ཁོ་བོ་རས་ཆོད་སྤྱི་རྟོལ་ཞིག་གིས་ཆོས་པ་རྣལ་མ་ཁོང་ལྟ་བུ་ལ་ཆོས་བཤད་པ་ནི་འོས་པའི་གནས་མིན་ཡང་། ལུང་རྒྱུན་ཙམ་ཞིག་བདག་ལ་སྔོན་དུ་ཐོབ་ཕྱིར། དེ་ཉིད་ཁོང་ལ་དགོས་གསུངས་པའི་བཀའ་མ་ལྡོག་ནས་དེ་ལྟར་ཐལ། དེ་ནས་སྤྱི་ལོ་ ༢༠༡༢ ཀྱི་ལོ་མགོར་ཁོ་བོའི་རྗེ་བཙུན་བླ་མ་ཡིད་བཞིན་ནོར་བུ་དཔལ་རྒྱལ་བ་མདོ་མང་གཡང་ཐང་ཆོས་རྗེའི་ཐུགས་རྗེ་གཟིགས་པ་ཆེན་པོས། འབྲས་ལྗོངས་ལ་ཤོག དེར་བཀའ་ཁྲིད་གསུང་བའི་སྐལ་བཟང་གི་འབྲུག་སྒྲ་རྣ་བར་ལྷུང་ནས། རང་དགོན་ནས་རྩ་དགོངས་བཞུས་ཤིང་འབྲས་ལྗོངས་ལ་ཕྱིན་པ་ཡིན། ལོ་དེའི་ལོ་མཇུག་ཙམ་ལ་ཉིན་ཞིག་གློ་བུར་དུ་ཁོ་བོའི་ཆོས་གྲོགས་མུ་ཁུམ་མཁན་པོ་སྐལ་བཟང་ཚེ་རིང་གི་ཁ་པར་བདག་ལ་འབྱོར་ནས། ཁྱེད་ཀྱི་ཚ་བོ་བླ་མ་རྡོ་རྗེ་ཚེ་རིང་གློ་བུར་དུ་མཚམས་ཁང་ནས་བརླག་ནས་མི་འདུག ཁོང་ཚོས་ཡར་མར་བཙལ་བ་ཡིན། སུས་ཀྱང་ཤེས་གསལ་མི་འདུག་ཟེར། དེ་མ་ཐག་མཚམས་གཡོག་གྲྭ་རིན་ཆེན་གྲགས་པ་ཞུ་བ་ཞིག་ཡོད་པ་ཁོང་ལ་འབྲེལ་བ་བྱས་ནས་བྲིས་དུས། ཁོས་ཀྱང་ན་བ་ཚ་བ་སོགས་གང་ཡང་མི་འདུག་ཉིན་གསུམ་གྱི་སྔོན་དུ་ཁོས་མཚམས་ཆས་བཞེས་ལག་སོགས་བསྐྱལ་བ་ཡིན། དེ་དུས་ཁོང་སྔར་ལྟར་ཉམས་ལེན་གནང་བཞིན་འདུག་ཟེར། དེ་མིན་ཁོས་གང་ཡང་ཤེས་མ་སོང་ལ་། ཁོ་ལ་ཡང་འབྲེལ་བ་མ་བྱུང་ཟེར། དེ་ནས་བདུན་ཕྲག་གཅིག་ཙམ་གྱི་རྗེས་ནས་བླ་མ་རྡོ་རྗེ་ཆོས་མཆོག་ཁོང་རང་གི་ཆོས་གྲོགས་དང་། འཛིན་གྲྭ་རོགས་པ་སྡེ་དགེའི་དགེ་འདུན་ཞིག་ལ་བལ་ཡུལ་ནས་ཁ་པར་འབྱོར་ནས། ཁོང་བལ་ཡུལ་ན་བདེ་བར་འབྱོར་ཡོད། ཨ་ཁུ་སྟོན་པ་ལ་སེམས་ཁྲལ་བྱེད་མི་དགོས་གསུང་གི་འདུག་ཟེར། ང་ནི་ཁོང་ཁྲོས་མེ་སྟག་འཕྲོས། ཉེ་ལོགས་ཡོད་ན་ཅི་འདྲ་བཟོ་ཨ་དྲན་ཡང་། གནས་སྐབས་འབྲེལ་བ་ནི་བྱེད་མ་ཐུབ། དེ་ནས་ཟླ་གཅིག་ཙམ་གྱི་རྗེས་སུ་ངས་བལ་ཡུལ་ལ་མི་གཞན་ཞིག་གི་རྒྱུད་ནས་ཁོང་ལ་འབྲེལ་བ་བྱས་ཤིང་། ཁོང་ལ་"རྒྱུ་མཚན་ཅིའི་ཕྱིར་ཁྱེད་གློ་བུར་དུ་མཚམས་ཁང་ནས་ཕེབས་པ་ཡིན། ཡང་སྙིང་གནས་ཚུལ་གང་ཡིན་ང་ལ་གསལ་པོ་དགོས་"ཞེས་ཡང་ཤེ་ཤེ་ཐུ་ཐུ་གང་མཚམས་བྱས། ཁོང་གི་གསུང་དོན་ལ། "ཁྱིམ་ཚེས་བླ་མ་ཞིག་གིས་བར་ཆད་མང་པོ་བྱས་བྱུང་། དེས་ན་ཁོང་མཚམས་ནས་གློ་བུར་དུ་ཕེབས་པ་ཡིན་"ཞེས། གསུངས་པ་ཙམ་མ་གཏོགས་གཞན་གནས་ཚུལ་རྒྱུ་མཚན་སུ་ལའང་ཁ་གསལ་ཤོད་རྒྱུ་མ་བྱུང་བ་རེད། ངས་ཁོང་ལ་"ད་ཁྱོད་རང་དོལ་པོ་དེ་བ་ལ་སོང་། ཆང་རག་འཐུང་། མགོ་གཉིས་སྐྱ་མིན་སེར་མིན་བྱེད་རྩིས་ཡིན་ནམ།" ཞེས་སྡུག་ཡུས་རབ་རིམ་བཤད་པ་ཡིན། དེ་ནས་ཁོང་ལོ་གཅིག་ཙམ་རིང་ལ་མུ་ཁུམ་ལུང་པ་དེ་བ་ན་ཁོང་རང་ཉིད་ཀྱི་ཕ་མ་གཅིག་པའི་སྤུན་མཆེད་དང་མཉམ་དུ་ཉམས་ལེན་ལ་བརྩོན་བཞིན་འདུག་ཟེར་བ་གོ་ཐོས་ཙམ་བྱུང་། དེ་ནས་ཁོ་བོ་ཡང་འབྲས་ལྗོངས་སུ་ལོ་ཤས་རིང་བླ་མའི་སྐུ་མདུན་དུ་བཀའ་ཁྲིད་ཨེ་ཐོབ་ལྟ་བ་དང་། མཚམས་ལ་ལོ་ཤས་བསྡད་ནས་མཐར་སྤྱི་ལོ་ ༢༠༡༣ ནས་ ༢༠༡༦ བར་དུ་ངེད་ཁུ་ཚ་གཉིས་ཀྱི་བར་ལ་འབྲེལ་བ་མ་བྱུང་། སྤྱི་ལོ་ ༢༠༡༦ གི་ལོ་མཇུག་ལ་ཁོ་བོ་རྟགས་ཙམ་བྱི་བ་ས་འོག་ལ་འཛུལ་བའི་ཆ་ལུགས་རྫོགས་ནས། བྷིར་རང་དགོན་དུ་ཕྱིན་པ་ཡིན། དེ་དུས་བླ་མ་རྡོ་རྗེ་ཆོས་མཆོག་གློ་བོ་སྨོན་ཐང་ན་སྐུ་མཚམས་བཞུགས་ཤིང་། མཛད་ཕྲིན་དང་སྙན་གྲགས་ས་ཁྱབ་རྡོ་ཁྱབ་ལྟ་བུ་བྱུང་ཚུལ་སོགས་རང་དགོན་གྱི་དགེ་འདུན་འགའ་ཡི་ཞལ་ནས་ཐོས་ཀྱང་། ཁོང་ཉིད་ལ་འབྲེལ་བ་བྱེད་མ་ཐུབ། དེ་རྗེས་ཞིག་ལ་ཁོང་གི་ང་ལ་བཀྲ་ཤིས་བདེ་ལེགས་ཀྱི་མཚམས་འདྲི་མཁན་པོ་སྐལ་བཟང་ཚེ་རིང་བརྒྱུད་འབྱོར་སོང་། འོན་ཀྱང་ཁོང་ང་ཡིས་བཞུགས་སུ་གསོལ་བ་ལྟར། མཚོ་པདྨ་ལ་སྐུ་མཚམས་མ་བཞུགས་པའི་ཐུགས་གནོང་ལྟ་བུ་ཡིན་ན་མི་ཤེས། གང་ལྟར་ང་ལ་སྐུ་དངོས་ཀྱི་འབྲེལ་བ་མི་གནང་ཞིང་། མི་གཞན་གྱི་བརྒྱུད་ནས་མཚམས་འདྲི་ལན་ཁ་ཤས་གནང་བྱུང་། ངས་ཁོང་ལ་ཁ་པར་ཡོད་མེད་དང་འབྲེལ་བ་བྱེད་ཨེ་ཐུབ་བྱས་ཀྱང་མ་ཐུབ། དེ་ནས་སྤྱི་ལོ་ ༢༠༡༧ ལོ་ནས་ཁོ་བོ་ཡོ་རོབ་ལ་བསླེབ་ནས། ཁོང་ལ་དམིགས་བསལ་འབྲེལ་བ་བྱེད་མ་ཐུབ། དེས་ན་ ༢༠༡༣ ནས་ད་ལོ་ ༢༠༢༣ བར་ལ་ཁོང་དང་འབྲེལ་འདྲིས་ཆེ་བ་གློ་བོ་སྨོན་ཐང་གི་དད་ལྡན་ཡོན་བདག་ཚོས་ཁོང་གི་མཛད་བཟང་ཇི་ཡོད་མཚམས་འདིར་བསྲེ་ལྷད་མེད་པར་བླུགས་པས་ཆོག་གོ།
དེ་ནས་ཉེ་ཆར་ ༠༤/༠༣/༢༠༢༣ དེ་བ་རུ་བདག་ལ་གློ་བུར་ཁོང་འདས་སོང་ཟེར་བའི་གཏམ་ཞིག་ཐོས་པ་དང་། ཐུགས་དམ་ལ་བཞུགས་བཞིན་པའི་འདྲ་པར་ཞིག་དྲྭ་ཐོག་དེ་བ་ན་འགྲོ་བ་མཐོང་ནས་ཅུང་ཟད་ཧོན་འཐོར་བྱུང་། འོན་ཀྱང་རིམ་པས་ཉིན་ཁ་ཤས་རྗེས་སུ་བླ་མ་རྡོ་རྗེ་ཆོས་མཆོག་སྐུ་མྱང་ངན་ལས་འདས་པ་དང་། ཐུགས་འོད་གསལ་གྱི་ངང་ལ་འདས་རྟགས་རྣམས་རྫོགས་ཆེན་གྱི་མན་ངག་རྣམས་ནས་ཇི་ལྟར་གསུངས་པ་ལྟར་ཀུན་ལ་མངོན་སུམ་དུ་བྱུང་བ་དག་ངས་འདི་ནས་སྐྱར་ཟློས་བྱེད་དགོས་པར་མ་མཐོང་མོད། ལར་མ་འོངས་པའི་གདུལ་བྱ་དད་ལྡན་འདྲ་ལ་ཕན་ནམ་སྙམ་ན། མཚམས་འདིར་ཡིག་གེར་འགོད་པར་བྱས་ན་ལེགས། མདོར་ན་བླ་མ་རྡོ་རྗེ་ཆོས་མཆོག་མཉམ་དུ་མི་ལོ་བརྒྱད་ལྷག་ཙམ་མཉམ་དུ་འགྲོགས་པའི་ཉམས་མྱོང་ལྟར་བྱས་ན། ཁོང་ནི་ངེས་དོན་སྦས་པའི་རྣལ་འབྱོར་དམ་པའི་སྐྱེས་ཆེན་རེད་ཅེས་སྨྲས་ན། ཀུན་རྟོག་ངན་པ་ཚོ་ལ་སྐྱག་པས་རྐུ་བསྟོད་དང་མི་ངན་རང་བསྟོད་འགྲོ་བ་ལས་འོས་མེད་ཀྱང་། གནས་ལུགས་དོན་གྱི་རི་མོ་ནི་ཉི་ཟླ་ལྟར་འོད་གསལ་ཞིང་། ནམ་མཁའ་ལྟར་རྒྱ་ཆེ་ལ། རྒྱ་མཚོ་བཞིན་དུ་གཏིང་ཟབ་པའོ། །ལར་དེང་སང་ནི་བླུན་པོ་གྲགས་པའི་རྗེས་འབྲངས་ཆོས་བརྒྱད་ཀྱི་འགོང་པོ་བྲིན་པ་མ་གཏོགས། ཡང་དག་ཆོས་པ་རྣལ་མ་ངོ་ཤེས་མཁན། ཉམས་ཆོད་མཁན། སྐྱབས་གནས་སུ་བསྟེན་ཐུབ་མཁན་ཉིན་སྐར་ལས་དཀོན་པའི་ཕྱིར་ན། གསལ་བཤད་བྱེད་པ་ལ་དོན་མ་མཐོང་། རྒྱུ་མཚན་ནི། ད་ཆ་རྒྱ་ཆེ་བ་ཡངས་པའི་འཇིག་རྟེན་ཕར་ཞོག ཆོས་ལྡན་དོལ་པོའི་ལུང་པར་ཡང་། མདོ་རྟ་རབ་ཡུལ་གྱི་དགེ་སློང་རང་གྲོལ། དགེ་སློང་ཨོ་རྒྱན་བདུད་འཇོམས། དེ་བཞིན་དགེ་སློང་ཀརྨ་ཡོན་ཏན། དགེ་སློང་ཆོས་འབྱོར་སོགས་ཁོ་བོས་ཤེས་པ་ལྟར་། ཆོས་པ་ཉམ་ཆུང་། ཇི་སྐད་དུ། མདོ་སྡེ་རྒྱན་ལས། བཤེས་གཉེན་ཞི་བ་དུལ་བ་ཉེར་ཞི་བ། །ཡོན་ཏན་བརྩོན་ལྡན་ལྷག་པར་ལུང་གིས་ཕྱུག །དེ་ཉིད་རྟོགས་ལ་རབ་ཏུ་སྨྲ་མཁས་པའི། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས་ལ་བསྟེན། །ཞེས་སོགས་འཕགས་པའི་ཁྱད་ཆོས་མཐའ་དག་ལྡན་ཞིང་ཆོས་བརྒྱད་དྲི་ཙམ་ཡང་མ་འགོས་པ་དེ་ལྟ་བུའི་དམ་པ་རྣམས་དང་། ཁྱད་པར་བླ་མ་རྡོ་རྗེ་ཆོས་མཆོག་ཁོང་ལྟ་བུ་ལ་ཕྱག་མཆོད་ལྟ་ཞོག དེ་སྔོན་བལ་ཡུལ་དེ་བ་ལ་སྐབས་འགར་དགོན་པ་ག་གེ་མོའི་སྒོ་འགྲམ་དེ་བ་ལ་གཟིམ་དགོས་པ་དང་། ལྷོ་རི་ལྷ་ཞིང་གི་བཟང་མོ་ཞེས་པ་བུད་མེད་ཉམ་ཐག་ཕྱག་ཡ་མེད་མཁན་ཞིག་མ་གཏོགས། བླ་མ་རྡོ་རྗེ་ཆོས་མཆོག་སྐུ་འཚོ་གཞུགས་ཀྱི་དུས་ལ་རང་ཡུལ་གྱི་མི་སྣ་ཆེ་ཕྲ ཆུང་གསུམ་གང་གིས་ཀྱང་རྒྱུ་ཉམས་ཆོད་མེད་ལ། ཕྱག་མཆོད་དད་མོས་བྱེད་མཁན་མེད་པ་རེད། དེང་སང་འགྲོ་བ་མི་རྣམས་བསོད་ནམས་དམན་པའི་དབང་གིས་ཆོས་པ་དེ་དག་དང་། དེ་འདྲ་བ་ཚོ་མདོ་མེད་ཞིག་ཡིན་པར་སེམས་མོད།
དོན་ལ་ཁོ་བོས་ལོ་མང་མཉམ་དུ་འགྲོགས་པ་དང་། ནང་མོལ་གྱི་ཉམས་མྱོང་ལྟར་ཞུས་ན། བླ་མ་རྡོ་རྗེ་ཆོས་མཆོག་ནི། འཇིག་རྟེན་ཆོས་བརྒྱད་ལ་ཞེན་པ་ཏིལ་འབྲུ་ཙམ་ཡང་མེད་པ། དད་དང་མོས་གུས་དག་སྣང་གི་ཐུགས་རྒྱུད་རབ་ཏུ་གཏམས་པ། རྟག་ཏུ་ཏིང་འཛིན་སྒོམ་ཞིང་སྣང་ཉམས་དང་ལྷ་དང་བླ་མའི་སྣང་བ་དཀོན་མཆོག་རྗེས་དྲན་དང་། སྟོང་ཉམས་ཆོས་ཐམས་ཅད་སྒྱུ་མའི་རྩེད་མོ་ཙམ་དུ་གཟིགས་ནས་ཞེན་པ་བྲལ་བ། མི་རྟོག་པའི་ཉམས་ཐུན་དང་ཐུན་མཚམས་རྣམས་སུ་ཉམས་ལེན་ཆུ་བོ་ཆེན་པོའི་རྒྱུན་ལྟར་སྐྱོང་བ་དག རང་འགར་བཅོས་མའི་ཆ་ལུགས་ཅན་ཞིག་གིས་ཡོང་ཐབས་གཏན་ནས་མེད་པ་རེད། བདེན་མིན་རྣམ་པ་ཚོས་ཤེས་རབ་རིག་པས་དཔྱོད་དང་། དེང་སང་ཆོས་པའི་གཟུགས་བརྙན་འཛིན་པ། ཆེ་བར་རློམ་པ་ཚོས་ཆེད་གཉེར་གྱིས་གཏམ་སྙན་གྲགས་བཙལ་དང་འཚོལ་བ། མཛད་སྒོ་དང་ཁྲིར་འདོན་མངའ་གསོལ། རང་ཉིད་ཆེ་ཚུལ་གྱི་ཁྱབ་བསྒྲགས་སོགས་ཇི་ཙམ་བྱས་ཀྱང་ཡོང་དཀའ་མོད། བླ་མ་ཁོང་མི་མེད་ལུང་སྟོང་འགྲིམ་ནས་ཉམ་ཆུང་སྤྲང་པོའི་ཆ་ལུགས་བསྐྱངས་ནས་བཞུགས་ཀྱང་། དད་ལྡན་མི་མང་སྟོང་ཕྲག་གིས་མཆོད་བསྟོད་དང་། མི་ཆེན་དང་རྒྱུ་ཆེན་དུ་མས་མཆོད་འབུལ་དང་། ཁྱད་པར་དུ་གོ་གནས་དང་། གློ་བོ་སྨོན་ཐང་དེ་བ་ནས་ཉེ་ཆར་དགོན་པ་གསར་པ་མི་མང་གི་ཡར་ཕུལ་ནས། དེར་གཙོ་འཛིན་བླ་མ་བྱས་ནས་བཞུགས་རོགས་ཅེས་གསོལ་འདེབས་ཕུལ་ཡང་། "ཁྱེད་རྣམ་པས་ང་ལ་བལྟས་ན། ད་ཁོ་མཚམས་ལ་བསྡད་ནས་གཅིག་ཡིན་འགྲོ་བསམ་མོད། ང་རང་གིས་རང་སེམས་ཞུས་དག་བཏང་ནས་ལྟ་ཡོང་དུས། སྤངས་རྟོགས་ཡོན་ཏན་གང་ཡང་མི་འདུག་"ཅེས་གསུངས་པ་དང་། "ཁྱེད་ཅག་ཚང་མ་ངའི་སྦྱིན་བདག་ཡིན་པས། ངས་བསྔོ་སྨོན་རྩིས་ཟིན་པ་བྱས་ཡོང་། ང་ལ་སྤང་རྟོགས་ཡོན་ཏན་ཨི་ཝི་དང་མེ་མེ་དེ་དག་གི་རྗེས་བསྙོགས་པ་ཙམ་ཡང་མེད་"ཚུལ་གསུངས་པའི་བརྙན་ཐུང་མཇལ་རྒྱུ་ཡོད་པ་ལྟར་། གཏམ་སྙན་གྲགས། ཐོབ་གོ་གནས། རྒྱུ་ནོར་ལོངས་སྤྱོད་ལ་ཞེན་པ་མེད་པའི་བྱ་བྲལ་གྱི་རྣལ་འབྱོར་ཆེན་པོ་ཞིག་ཡིན་པ་མངོན་སུམ་དང་། དེ་འདྲ་བློས་ཐོངས་མཁན་གྱི་དཔེ་ནི། སྟོན་པས་རྒྱལ་སྲིད་སྤངས་པ་དང་། ཨྱོན་པདྨས་རྒྱལ་སྲས་ཀྱི་གོ་ཐོབ་དོར་བ་ལྟ་བུ་འདི་སྣང་གི་ཆོས་ལ་ཞེན་པ་བྲལ་ཞིང་། དོན་ལ་ཆོས་དང་གང་ཟག་གི་བདག་མེད་པར་རྟོགས་པའི་ཚད་དུ་བསླེབས་པའི་འབྲས་རྟགས་ཡིན་པ་མདོ་རྒྱུད་བསྟན་བཅོས་རྣམས་ན་གསལ་ལེར་གསུངས་པའི་ཕྱིར་ན། དཔྱད་པ་མཛད་ན་སུ་ལའང་བཀག་པ་མེད་དོ།།
ཆོས་པ་རྣལ་མའི་ཚད་འཇལ་ས་ངོ་མ་འཇིག་རྟེན་ཆོས་བརྒྱད་ལ་ཞེན་པ་བྲལ་མིན་དང་། རྒྱུད་ལ་བྱམས་སྙིང་རྗེ་བཅོས་མ་མ་ཡིན་པ་ཡོད་མེད་ལ་ཐུག་ཡོད། དེ་ཇི་སྐད་དུ། རྒྱལ་བས་མདོ་སྡེ་དག་ན། ཆུ་བྱ་ལས་ནི་ཆུར་ཤེས་དང་། །དུ་བ་ལས་ནི་མེར་ཤེས་ཕྱིར། །བློ་ལྡན་བྱང་ཆུབ་སེམས་དཔའ་ཡི། །རིགས་ནི་ཚད་མ་དག་གིས་རྟོགས། །ཅེས་གསུངས་པ་ལྟར་ཤེས་རབ་རིག་པས་དཔྱད་ན་ཧ་གོ་རྒྱུ་ཡོད་པ་རེད། ལར་ད་ཆ་སྐུ་མྱ་ངན་ལས་འདས་རྗེས་རང་ཡུལ་དང་མི་ཡུལ་ཀུན་གྱི་མི་ཚོས་ཚ་ཚ་འུར་འུར་གྱིས་གླེང་སློང་བྱེད་པ་ཡ་རེ་མཚར། འོན་ཀྱང་ད་རུང་རང་གི་ཀུན་སློང་བཅོས་ནས་དད་མོས་བྱས་ན་ཁེ་ཕན་ཐམས་ཅད་རང་ཉིད་ལ་སྨིན་ངེས་པ་ནི། ཇི་སྐད་དུ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་ཆོས་དབྱིངས་མཛོད་ལས། ཇི་ལྟར་ཡིད་བཞིན་ནོར་བུ་ཆེན་པོ་ལ། །གསོལ་བ་བཏབ་ན་འདོད་དགུ་ངང་གིས་འབྱུང་། །ཕལ་བའི་ངོས་ལ་དེ་ལྟ་མ་ཡིན་ནོ། །ཞེས་ཇི་ལྟར་གསུངས་པ་ལྟར་མཛད་འཚལ།
སླར་སྨོན་པ།
ར་དཀར་རིག་འཛིན་བླ་མའི་རྒྱུད་པ་ལ།།
རྨད་བྱུང་དམ་པའི་མཛད་བཟང་སྔར་ཡང་བྱུང་།།
ཕ་རྗེས་བུ་ཡིས་འཛིན་པ་རྡོ་རྗེའི་མཚན།།
ཁམས་གསུམ་འགྲོ་བའི་མགོན་པོ་ཡོང་བར་ཤོག།
རེ་དོགས་མདུད་པ་འདི་ན་རྒྱབ་པ་མེད།།
ཆོས་མིན་གཡོ་བྱུས་བཤམས་ནས་ཅི་ཞིག་བྱ།།
མི་བརྟན་ཚེ་ལ་ཆོས་བརྒྱད་བསྒྲུབ་པས་ཅི།།
དེ་ཕྱིར་གནས་ལུགས་འདི་ཉིད་བྲིས་པའོ།།
ཐ་མའི་མཛད་པས་མི་ཚོགས་འུར་མཐོང་ནས།།
མཁས་བཙུན་བཟང་པོའི་རྣམ་ཐར་ཕུལ་བ་ཡིན།།
ངེས་འབྱུང་དྲང་པོའི་དད་དམ་ཡོད་འགྱུར་ན།།
འདི་ནས་དགའ་བའི་བསོད་ནམས་ཅིར་སོགས།།
འཇིག་རྟེན་འདྲེན་པ་རྒྱལ་བའི་དཀྱིལ་འཁོར་དང་།།
ཀུན་གསལ་ཉི་ཟླ་རྟག་ཏུ་བརྟན་འགྱུར་ཡང་།།
གནས་ལུགས་ལྟ་བའི་མེ་ལོང་མ་དག་ན།།
ཆོས་ཉིད་དོན་གྱི་ལྷ་ཚོགས་ག་ནས་མཇལ།།
གཟུགས་སྐུའི་སྣང་བ་ཕྱི་གསལ་བསྡུས་འགྱུར་ཡང་།།
ཆོས་སྐུ་རིག་པའི་ངང་ན་རྟག་པར་བརྟན།།
འདི་ནས་རྣམ་དག་དོན་གྱི་གསལ་འདེབས་འབུལ།།
རང་གྲོལ་རིག་པའི་ཀློང་དུ་ངལ་གསོ་མཛོད།།
འཁྲུལ་སྣང་གློ་བུར་མཁའ་ལ་འཇའ་ལྟར་གདེངས།།
རང་བྱུང་རིག་པའི་རང་འོད་ཕྱོགས་བཅུར་ཁྱབ།།
ཆུ་སྐྱེས་གེ་སར་བྱེ་བ་འབུམ་ཕྲག་བཞད།།
དྲི་བཟང་འཛད་མེད་ཆོས་ཉིད་མཁའ་ལ་ཁྱབ།།
སྣ་ཚོགས་བུང་བས་བཀྲ་ཤིས་གླུ་དབྱངས་ལེན།།
ཞེས་པ་འདི་ནི། དོལ་པོ་དཔལ་ལྡིང་དགོན་པའི་བླ་མ་རྡོ་རྗེ་ཆོས་མཆོག་གི་རྣམ་ཐར་ལོ་རྒྱུས་མདོ་ཙམ་ཞིག ཤཱཀྱའི་དགེ་གཉེན་ཀརྨ་དབང་རྒྱལ་(མི་གནས་རང་བྱུང་རྩལ།)གྱིས་ནུབ་ཕྱོགས་ཡོ་རོབ་གླིང་ནས། གནས་ལུགས་ལྟ་བའི་ཤེས་རབ་ཀྱི་སྒྲོན་མེ་སྤར་ཞིང་། ༡༡/༠༣/༢༣ ཉིན་ལེགས་པར་བཀོད་པ་དགེའོ། །དགེའོ། །དགེའོ།།




No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།