རྩོམ་པ་པོ། ལྷན་པ། (བོད།)
ཡོང་ཁུངས།: གླིང་སྲས་བོད་ཡིག་འཕྲིན་སྟེགས།
གྲྭ་པར་འཇོག་བྱེད་དེ། གཙོ་བོ་སོ་ཐར་གྱི་ཚུལ་ཁྲིམས་ལྡན་པའི་རབ་བྱུང་ལ་བཞག་ཅིང་། དེ་དང་མ་ལྡན་ན། གྲྭ་པར་འཇོག་བྱེད་ཀྱི་ཆ་རྐྱེན་མ་ཚང་བ་ཡིན། ཁྲ་ཁྲ་སེང་སེང་གི་འཕེལ་འགྱུར་ཁྲོད་དུ་འཛམ་གླིང་གཞི་གཅིག་ཏུ་འདྲེས་ཤིང་། མི་དང་མི་ཡི་བར་དུ་འབྲེལ་ལམ་སྟབས་བདེ་ཞིང་། མི་དང་མི་ཡི་བར་དུ་ཡིད་ཆེས་དཀའ་བའི་དེང་གི་དུས་འདིར། གྲྭ་པ་མང་ཆེ་བ་སྔར་བཞིན་སྐྱ་བོ་ཡིན།
མི་ཡི་འདོད་པ་ནི་བཙན་གྱིས་དགག་དཀའ་ལ། འཁོར་བའི་ངེས་འབྱུང་ནི་དགོན་པ་ནས་སྦྱོང་ཐུབ་པ་ཞིག་མ་རེད། གྲྭ་པ་སྐྱ་བོ་ལོག་བྱེད་ལ་སོ་ཐར་གྱི་རྩ་བ་བཞི་ལས། དེང་གི་དུས་འདིར་གཙོ་བོ་གཉིས་ཏེ། བུད་མེད་ལ་བསྟེན་པ་དང་མ་སྦྱིན་ལེན་པ་གཉིས་ཡིན། ཆོས་གཞུང་ལས་གཉིས་ཀ་གནང་བའི་སྐབས་ཡོད་ཀྱང་། དེ་ནི་ཧ་ཅང་དཀའ་མོ་ཞིག་ཡིན་ཏེ། གསང་བ་སྔགས་ཀྱི་རྣལ་འབྱོར་པ་རྣམས་ལ། ཐབས་བདེ་བ་ཆེན་པོའི་ལམ་གྱི་གྲོགས་སམ། ཕྱག་རྒྱ་མོ་མཚན་ཉིད་ལྡན་པ་བུད་མེད་བསྟེན་ཆོག་པར་གནང་བའི་སྐབས་ཡོད་ཀྱང་། དེ་ནི་ཐིག་ལེ་དབབ་གཟུང་ལྡོག་ཁྱབ་ལ་རང་དབང་ཐོབ་པ་ཞིག་དགོས་པ་ལས། འདོད་པའི་དབང་དུ་ཤོར་ནས་ཁྱིམ་ཁ་བུ་དང་སྒོ་ཁ་ནོར་གྱིས་གང་བའི། དེང་གི་བུད་མེད་བསྟེན་པའི་གསང་སྔགས་ཀྱི་རྣལ་འབྱོར་པ་ཡིན་ལོ་ཅན་དག་ནི་དོན་དུ་སྐྱ་བོ་ཡིན། འཁོར་བའི་ཕུན་ཚོགས་ལ་ངེས་པར་མ་འབྱུང་། སྟོང་དང་བདག་མེད་ཀྱི་དྲི་མས་མ་གོས་པའི་གྲྭ་གཞོན་ཞིག་ལ་མཚོན་ན། ལྐོག་ཏུ་བུད་མེད་མི་བསྟེན་མཁན་སུ་ཞིག་ཡོད། གནའ་མི་བོད་ཀྱི་གཏམ་དཔེ་ལ། གྲྭ་པའི་དགའ་རོགས་ཇོ་མོ་ཡིན། །བཀའ་སྡོམ་པ་ཤོར་ན་མཉམ་ཤོར་དང་། །གཞན་ལ་གསང་ན་མཉམ་གསང་ཡིན། །ཟེར་བ་དེ་ཅིས་མ་བདེན།
གྲྭ་པ་དང་ཇོ་མོ་མཉམ་དུ་འཁྱམས་པ་དང་མཉམ་དུ་ཉལ་བ་སོགས་ནི། གྲོང་ཁྱེར་དག་གི་ཆོས་ཧ་མི་གོ་མཁན་རྣམས་ཀྱིས། དེ་ནི་རྒྱུན་ལྡན་གྱི་འཚོ་བ་ཞིག་ཏུ་ངོས་འཛིན་བཞིན་ཡོད། ཇོ་མོ་དག་གིས་གྲྭ་པ་མཐོང་བ་དང་མཉམ་དུ་རྣམ་འགྱུར་མི་འདྲ་བ་རེ་སྟོན་གྱིན་འདུག དེ་ནི་ཕོ་མོ་ཕན་ཚུན་ལ་ལྷན་སྐྱེས་ཀྱི་བརྩེ་བ་ཡོད་ཟེར་བ་བཞིན། གྲྭ་ཇོ་ཕན་ཚུན་ལ་ལྷན་སྐྱེས་ཀྱི་བརྩེ་བ་ཡོད་པ་འདྲ། བོད་ཀྱི་ན་གཞོན་རྩོམ་པ་པོ་ལ་ལས། གངས་རིའི་ལྗོངས་སུ་ལྷད་མེད་པའི་ཕོ་མོའི་བརྩེ་དུང་ནི། དགོན་པའི་ནང་ན་ཡོད་ཟེར། དེ་ཡང་བདེན་ཏེ་བརྩེ་དུང་གི་ཆེད་དུ་ཡོད་ཚད་བློས་གཏོང་མཁན་དགོན་སྡེའི་ཁྲོད་དུ་མང་ལ། བརྩེ་དུང་གི་ཆེད་དུ་མིག་ཆུ་འབུལ་མཁན་ཡང་དེ་བས་མང་།
གྲྭ་པ་མང་པོ་ཞིག་རྫོང་སར་མཁྱེན་བརྩེ་ལ་ཧ་ཅང་དགའ། མཁྱེན་བརྩེའི་པར་སོགས་དྲྭ་ངོས་སུ་བཀོད་ནས། ཚད་མཐོའི་རང་བཞིན་གྱི་བསྟོད་བསྔགས་བྱེད། དེ་ནི་ཁོ་ཚོ་རང་གི་རྩ་བའི་བླ་མ་ལས་ལྷག་པའི་མཁྱེན་བརྩེ་ལ་དད་པ་དང་དག་སྣང་ཡོད་པའི་དབང་གིས་མིན། མཁྱེན་བརྩེའི་མིག་སྔར་ལས་བཞིན་པའི་བྱ་སྤྱོད་ལ་དགའ་བ་ཡིན་ཏེ། བུད་མེད་དང་འགྲོགས་རྒྱུ་དང་། ཁྱིམ་པའི་རྟགས་འཆང་རྒྱུ་དེ་དག་ལ་གྲྭ་པ་ཚོ་དགའ་བས་ཡིན།
གྲྭ་པ་ཚོ་སྐྱ་བོར་ལོག་བྱེད་ལ་གཙོ་བོ་གཉིས་ལས། མ་སྦྱིན་ལེན་དེ་ཡང་ཆོས་གཞུང་ལས་གནང་བའི་སྐབས་ཡོད་ཀྱང་། དེ་ཡང་ཧ་ཅང་དཀའ། དེ་ནི་སེར་སྣ་དང་གཏོང་ཕོད་བྲལ་བའི་འབྱོར་ལྡན་གྱི་ལག་ནས་མ་སྦྱིན་བླང་ནས་གཞན་ལ་སྦྱིན་གཏོང་དགོས་པ་ལས། བསམ་པ་རང་ཉིད་འཚོ་ཆེད་དུ་དགོན་པ་དང་མཆོད་རྟེན་ལས་རྒྱུ་ཡིན་ཟེར་ནས། བཙན་གྱིས་སྦྱིན་བདག་ལ་སྒོར་མོ་འདི་དགོས་ཟེར་བའི། དེང་གི་རྒྱ་བླ་དག་ནི་དོན་དུ་སྐྱ་བོ་ཡིན།
ད་ནི་ཡིག་ཚོགས་སྤུངས་པར་མི་བྱ་སྟེ། མདོར་བསྡུས་ནས་བཤད་ན། རྩ་བཞི་སྲུང་ཞིང་བདེན་བཞི་གཏན་ལ་དབབ་ནས། ཆོས་བཞི་ཉམས་སུ་བླང་སྟེ། རབ་བྱུང་ངུར་སྨྲིག་གི་ཕ་ཁྱིམ། དབེན་གནས་དགོན་སྡེའི་ཞིང་དུ། རང་ཁྱིམ་ཆུང་ཆུང་དེའི་སྒོ་ཟྭ་དམ་པོར་རྒྱག་དགོས་བྱུང་བ་མ་ཚད། ཁ་པར་དང་སྒོར་མོ་གཉིས་རང་གི་ལུས་དང་དྲི་མ་བཞིན་དུ་འགྲོགས་དགོས་བྱུང་བའི་ཚད་དུ་ལྷུང་ཡོད། རྩ་བ་བཞི་ལས་སྲོག་གཅོད་པ་དང་མི་ཆོས་བླ་མའི་རྫུན་གཉིས་ལ་འགལ་མཁན་དེང་སང་དཀོན་པོ་ཡིན། དེ་ནི་གྲྭ་པ་ཚོས་ཚུལ་ཁྲིམས་སྲུང་བའི་རྟགས་མིན་ལ། གྲྭ་པའི་སྤུས་ཚད་ཇེ་མཐོར་སོང་བའི་རྟགས་ཀྱང་མིན། དེ་ནི་སྔ་མ་ནི་ཁྲིམས་ལ་འཇིགས་པ་དང་། ཕྱི་མ་ནི་སྤྱི་ཚོགས་ཁྱོན་ཡོང་གི་བསམ་བློའི་སྤུས་ཚད་བཟང་དུ་སོང་ཡོད་པའི་རྟགས་ཡིན།
རྒྱལ་ཁབ་ཀྱི་ཁྲིམས་མེད་ན། གྲྭ་པ་ཚོས་ཆོས་བརྒྱུད་ནང་ཕན་ཚུན་ལ་འདས་སོང་གི་ལོ་རྒྱུས་བཞིན་བསོད་གཏུབ་བྱེད་ངེས་ལ། སྣ་མང་རིག་གནས་དང་སྣ་མང་བསམ་བློ་མེད་ན། སྔར་བཞིན་ལྷ་མཐོང་འདྲེ་མཐོང་བཤད་ནས། རང་གི་འཚོ་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་མཁན་མང་། སྐད་ཆ་འདི་ལྟར་བཤད་ན་བླ་རྒན་ཚོའི་རྣ་བར་འགྲོ་མི་སྲིད་དེ། ནོར་འཁྲུལ་ལ་ངོས་ལེན་ཐུབ་པའི་སྤོབས་པ་དང་། རིགས་པ་དང་འགལ་བའི་རྣམ་བཞག་རིགས། ཆོས་ལུགས་ཀྱི་ར་བ་ལས་ཕྱིར་ཕུད་གཏོང་ཕོད་པའི་སྙིང་སྟོབས་མེད་པས་སོ། །ལ་ལས་གྲྭ་པ་དང་གྲྭ་ལོག་དག་གིས་ཆོས་ལུགས་ལ་ངན་བཤད་ཅི་ཐུབ་བྱེད་འདུག་ཟེར། ངས་ནི་གྲྭ་པ་དང་བླ་སྤྲུལ་དག་གི་ལོག་སྤྱོད་ལས་ཆོས་ལུགས་མིན། དེ་ནི་གྲྭ་པ་དང་གྲྭ་ལོག་དག་གི་སེམས་སུ་གསལ་པོ་ཡིན། གྲྭ་བ་གསོན་པོར་གནས་པ་ཚོ་ནི་ནམ་ཡང་གསོན་པོ་ཡིན་ནོ།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།