རྩོམ་པ་པོ།: མདའ་མེ་ལྕེ། དཔལ་ཡུལ་དགོན།
ཡོང་ཁུངས།: སད་རན་འཕྲིན་སྟེགས།
ན་མོ་མཉྫུ་གྷོ་ཥཱ་ཡ།
རྣམ་འདྲེན་རྒྱལ་བ་མི་བསྐྱོད་མངོན་ཞིང་ནས།།
སྤྱན་སྔར་ཐུགས་བསྐྱེད་མཆོག་ཏུ་བྱས་པའི་མཐུས།།
རྣམ་དག་གྲུབ་པའི་གསང་ཆེན་མདོ་སྔགས་ལམ།།
ཞིང་འདིར་བལྟམས་དང་རོལ་ཞིང་སྨིན་མཛད་པ།།
རྒྱལ་ཀུན་གྲུབ་པའི་བཀའ་ཡི་བསྡུ་བ་པོ།།
འཛིན་མའི་ཁྱོན་བཞིན་ཕྱོགས་བཅུར་མུ་མེད་ཁྱབ།།
ཡོངས་འཛིན་དགེ་བའི་བཤེས་གཉེན་ཁྱོད་ལ་འདུད།།
དཔག་ཡས་རྫོགས་སྨིན་སྦྱངས་གསུམ་རྩེ་མོར་སོན།།
བགྲང་ཡས་མི་ཟད་རྒྱལ་ཀུན་རིང་ལུགས་སྐྱོང་།།
མཐའ་ཡས་འགྲོ་བའི་རེ་སྐོང་ཡིད་བཞིན་ནོར།།
བསམ་ཡས་སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད།།
མདོ་ཁམས་ཟླ་ཆུའི་དགེ་བསྙེན་འཕེན་ཕྱུག་གནས།།
ཡ་ཆུའི་དིང་ཆུང་རིགས་རུས་སྐྱེ་བ་བཞེས།།
ཆུང་ནས་གཏེར་ཆེན་མཁྱེན་པའི་རྩལ་རྫོགས་པ།།
སྙན་གྲགས་མུ་མེད་འཕྲོ་བ་ཁྱོད་ལ་འདུད།།
འཇམ་དཔལ་སྒྱུ་དྲྭའི་གནད་ཀུན་གཅིག་བསྡུས་པ།།
འཇམ་དཔལ་ཡེ་ཤེས་སེམས་དཔའི་སྒྲུབ་ཐབས་མཆོག།
འཇམ་དཔལ་མཚན་བརྗོད་རྩེད་མོའི་ཞོར་ལ་ཡང་།།
འཇམ་དཔལ་དབྱངས་ཀྱིས་རྗེས་བཟུང་འགྲེལ་བ་མཛད།།
ལྷག་པའི་ལྷ་ཁྱོད་བྱང་སེམས་མཁྱེན་པའི་གཏེར།།
སྐྱེ་དགུའི་མིག་གྱུར་ཚད་མར་གྱུར་པ་དང་།།
རྒྱལ་བའི་གསུང་བཞིན་དབུ་ཚད་འཇིངས་བསྣོལ་ནས།།
ཤིང་རྟའི་ལམ་སྲོལ་སློང་མཁས་ཁྱོད་ལ་འདུད།།
མཁས་དགུའི་རལ་པ་གདན་བཏིང་རྨད་དུ་བྱུང་།།
སྨྲ་བའི་ཕྱོགས་ཀྱི་བཤེས་གཉེན་ཀུན་བསྟེན་ནས།།
རྨོངས་པའི་ཟུམ་ཁ་ཡེ་ནས་རྣམ་པར་གྲོལ།།
ལོག་སྨྲའི་ཚང་ཚིང་ཀུན་བསྲེགས་ཁྱོད་ལ་འདུད།།
དྲི་མེད་འོད་གསལ་སེམས་ཀྱི་བང་རིམ་རྩེར།།
འཇིགས་བྲལ་བསྙེལ་བ་མི་མངའ་གཞོན་ཚུལ་ཅན།།
མཁས་པའི་མཁས་པ་བགྲེས་རྒུད་དང་བྲལ་བ།།
སྨྲ་བའི་སེངྒེ་ཁྱོད་ལ་རྣམ་ཀུན་འདུད།།
གཞོན་བློ་ངང་ཚུལ་རབ་བརྗིད་ལྟ་ན་སྡུག།
མཁྱེན་ཡངས་རིས་མེད་འདོར་ལེན་མི་འགལ་སྒྲུབ།།
སྤྱི་དང་ཁྱད་པར་རབ་འབྱམས་གཞུང་ལུགས་ཀུན།།
སྤོབས་པའི་གཏེར་ཆེན་བརྒྱད་གྲོལ་ཁྱོད་ལ་འདུད།།
ཟབ་དོན་ཀུ་སཱའི་གདམས་ངག་དབྱིངས་ནས་ཆུབ།།
ནང་དུ་རིམ་གཉིས་ལྟ་དགོངས་མངའ་བརྙེས་ཤིང་།།
ཚིག་གིས་རྒྱས་འདེབས་ལྟ་རྟོགས་སྒྲོ་འདོགས་བསལ།།
པཎ་ཆེན་ལྔ་བརྒྱར་དབྱེར་མེད་གསོལ་བ་འདེབས།།
རྙོག་བྲལ་ཐེག་པའི་གཞལ་མེད་རྒྱ་མཚོ་ཆེར།།
མང་ཐོས་རྣམ་གྲོལ་དབུགས་ཆེན་ནོར་བུ་གཏམས།།
མཁས་མཆོག་ཀླུ་དབང་འབུམ་ཕྲག་རོལ་པས་བསྟེན།།
ཉམས་ལེན་གཏིང་རྫོགས་དྲོད་སྨིན་གསོལ་བ་འདེབས།།
དབང་འབྱོར་ཁྱོད་བློའི་རྣམ་དཔྱོད་ཆུ་ཤེལ་ལས།།
གྲུབ་པའི་ཀུན་གསལ་བརྒྱ་ཕྲག་ཅིག་ཅར་དུ།།
སྣང་བྱེད་རི་བོང་གཟུགས་ཀྱིས་འོད་ཟེར་དེས།།
ལོག་རྟོགས་འབྱུང་བྱ་གཏོར་ལ་གསོལ་བ་འདེབས།།
ཟབ་ཡངས་མཁའ་ལ་སྙིང་པོའི་སྤྲིན་ཆར་གྱིས།།
གདུལ་བྱའི་ཞིང་དུ་མྱུ་གུ་སྨིན་པར་མཛད།།
མི་ཤེས་ཁེངས་པའི་འཁྲུལ་བ་ཅིག་ཆར་བཅོམ།།
སྨྲ་བའི་ཀུན་མཁྱེན་དེ་ལ་གསོལ་བ་འདེབས།།
ལ་ལར་ཚིག་གི་རྟོན་པ་གཅིག་ཏུ་གོལ།།
ལ་ལར་དོན་གྱི་རྟོན་པ་གཅིག་ཏུ་འཁྱམས།།
ལ་ལར་སྒྲོ་འདོགས་མ་བྲལ་ངེས་ཤེས་གོལ།།
འདི་གསུམ་གཏན་བྲལ་ཁྱོད་ལ་ཕྱག་འཚལ་བསྟོད།།
གངས་ཅན་འདི་ན་ཚིག་དོན་རྣམ་པར་འཆེལ།།
ཚིག་ཙམ་བྱང་བའང་དཀོན་བཞིན་ཐོས་བསམ་གཞོལ།།
དཔྱད་པ་དང་བྲལ་ལ་ལར་བརྗོད་བྲལ་ཞེན།།
འདི་གསུམ་མཐར་ཕྱིན་དམ་པ་ཁྱོད་ལ་འདུད།།
ཤར་རི་སྤྲིན་དཀར་སྙེགས་པའི་ཀུན་གསལ་ངོས།།
སྒྲ་གཅན་མུན་སྒྲིན་གཏན་དུའང་མི་སྲིད་ན།།
དམ་པ་གང་གིས་དགོངས་གཏེར་ཟབ་མོ་ལ།།
འཁྲུལ་བྲལ་སྙེམས་ཐག་ཆོད་པ་ལ་ཕྱག་འཚལ།།
ལ་ལ་སྟོང་གསལ་དབྱེར་མེད་གྲུབ་མཐའ་འཇོག།
ལ་ལ་སྣང་སྟོང་དབྱེར་མེད་རྣམ་པར་འཆད།།
ལ་ལ་སྟོང་གསལ་སྣང་སྟོང་འགལ་འདུ་བཟུང་།།
དེ་གསུམ་འགལ་མེད་འཆད་པ་གུས་ཕྱག་འཚལ།།
ལ་ལ་རྫོགས་ཆེན་གཞིའི་བཞུགས་ཚུལ་ལམ།།
རིགས་བྲལ་ལུང་གིས་གྲུབ་མཐའ་ཁོ་ན་འཇོག།
ལ་ལ་རང་བྱུང་ཉག་ཅིག་ཐིག་ལེ་དེ།།
ལུང་ལ་མི་ལྟོས་གཏན་ཚིགས་ཁོ་ནའི་བསྒྲུབས།།
ཁྱོད་ཀྱིས་ལུང་བྲལ་རིགས་པའི་གཏན་ཚིགས་ལས།།
གཞི་དོན་ཡེ་ཤེས་ལྷུན་རྫོགས་འོད་གསལ་དེ།།
ལུང་རིགས་ཆེ་ཆུང་མེད་པར་འགོ་སྙོམས་པས།།
རྣམ་གྲོལ་ཉམས་སུ་ལེན་མཁས་ཁྱོད་ལ་འདུད།།
ཁ་ཅིག་ཉན་རང་གཙོར་བྱས་ཐེག་ཆེན་ལམ།།
སྤོང་ཞིང་རིགས་ཅན་བྱང་ཆུབ་ཐེག་པ་ལ།།
བགྲོད་པར་མི་ནུས་ཐེག་གསུམ་འགལ་བར་བཞེད།།
ཁྱོད་ཀྱིས་མི་འགལ་འཆད་མཁས་ལ་ཕྱག་འཚལ།།
ཁ་ཅིག་སྤྱོད་པ་ལམ་གོལ་ལྟ་བའི་རྫོང་།།
གསང་ཚིག་མི་ཤེས་གནོད་པ་ཁོ་ན་འཇོག །
ཁྱོད་ཀྱིས་ཕྲ་ཞིབ་སྤྱོད་པའི་ངེེས་བློ་ལས།།
ལྟ་བ་མཐར་ཐུག་ཟུང་འཇུག་ཡིན་པར་གསུངས།།
ལུང་རིགས་དོན་ལ་ཞིབ་མོའི་བློས་རྟོགས་ཅིང་།།
རང་ཤར་རང་གྲོལ་དགོངས་པའི་ཀློང་ནས་ནི།།
རིག་སྟོང་མ་བཅོས་དོན་གྱི་འཇམ་པའི་དབྱངས།།
དབྱེར་མེད་དྲིན་ཆེན་བླ་མ་གུས་ཕྱག་འཚལ།།
མདོ་སྔགས་ལམ་གྱི་རྫོང་གནད་དགོངས་པའི་འཐིལ།།
ལེགས་པར་བཤད་སྒྲུབ་འཛིན་པའི་གྲུབ་མཐའ་བརྒྱད།།
རང་སྣང་རིས་མེད་ཕན་ཚུན་གྲོགས་སུ་ཤར།།
འགལ་འདུ་མ་ཡིན་གཅིག་གྲོགས་གཅིག་བརྟེན་ནས།།
མི་འགལ་ལམ་གྱི་གལ་མདོ་གཅིག་ཏུ་བཟླུམས།།
ཆགས་སྡང་སྐྱེ་དབྲི་སྤྲོས་པ་རྒྱུན་བཅད་ནས།།
ས་རྙིང་བཀའ་དགེ་མི་འགལ་ལྟ་གྲུབ་གནང་།།
སྨྲ་བའི་ངག་གི་དབང་ཕྱུག་ལ་ཕྱག་འཚལ།།
འགའ་ཞིག་སྣང་སྲིད་བཅོས་བསྒྱུར་མ་ཞིག་པ།།
སེམས་ཉིད་སྤང་བྱར་རློམས་ཞིང་མཐའ་གཅིག་ཞེན།།
མདོ་ཡིས་ཁེངས་ནས་ཁ་བཤད་ཙམ་ལ་གོལ།།
ཁྱོད་ཀྱིས་མདོ་སྔགས་སེམས་ཉིད་གསལ་བ་དེ།།
བགྲོད་ཐབས་སྒོ་ཡངས་ཚེགས་ཆུང་དཀའ་བའི་གནད།།
མི་འགལ་གྲོགས་སུ་ཁྱེར་ཅིང་རྣམ་པར་གཟིགས།།
མདོ་སྔགས་མཐའ་དག་མི་འགལ་གཞིར་བཟུང་ནས།།
ཐེག་པའི་རྩེ་མོར་འགོད་མཛད་ལ་ཕྱག་འཚལ།།
མདོར་ན་མདོ་སྔགས་ལྟ་བའི་རྫོང་ཟིན་ཅིང་།།
སྤྱོད་པའི་འཕྲང་བཅོས་རིག་སྟོང་མི་ཤིགས་ལམ།།
སྲོག་གི་སྙིང་པོ་ཟབ་དོན་མྱོང་བས་ཤེས།།
དོན་འདི་ལྷག་པར་གསལ་བ་ཁྱོད་ལ་འདུད།།
ལ་ལ་ཞེན་སྐྲན་ཁོང་ནད་གཅོང་འབྱིན་ཅིང་།།
ལ་ལ་ཕྱོགས་ཞེན་དུག་གིས་རྣམ་པར་སྦགས།།
ལ་ལ་བཤད་སྒྲུབ་གཟུགས་བརྙན་ལྷག་པར་ཞེན།།
ཁྱོད་ཀྱིས་དེ་དག་རྣམ་པར་སྤངས་བའི་ཐབས།།
དག་སྣང་ཚིག་གིས་རིས་མེད་རྣམ་པར་གཞོལ།།
དོན་གྱི་ཤུགས་རྐྱེན་ཁོ་ནས་ཁོང་སྐྲན་དག།
མེད་པར་གསལ་བྱེད་སྨྲ་བའི་འཇམ་མགོན་མཆོག།
ཞབས་རྡུལ་པདྨོ་དྲི་མེད་གུས་ཕྱག་འཚལ།།
རྒྱུད་ལུང་མན་ངག་མཐའ་དག་གབ་སྦས་གཉིས།།
རྒྱུད་དོན་རིག་འཛིན་དགྱེས་པའི་ལམ་ལ་ཞུགས།།
བསྟན་པའི་སྙིང་པོ་གསལ་བྱེད་ཀུན་མཁྱེན་མཆོག།
སྔོན་མེད་ཞིང་དུ་ཕེབས་ལ་ཕྱག་འཚལ་ལོ།།
ཐུབ་བསྟན་མཐའ་དག་ཉིན་མོར་བྱེད་འདི་ཡང་།།
མུན་པའི་སྨག་རུམ་མཐའ་དག་མ་ལུས་བསལ།།
ཁ་བའི་ལྗོངས་སུ་རྒྱལ་བསྟན་ཆེས་ཆེར་གསལ།།
མཁས་མང་བསྔགས་པར་འོས་པ་ཁྱོད་ལ་འདུད།།
བདག་ནི་སྔ་འགྱུར་ཀུན་མཁྱེན་བླ་མའི་དྲུང་།།
རྗེས་སུ་འབྲང་ཕྱིར་དེ་ཡི་གཞུང་ལུགས་ལ།།
ཚུལ་བཞིན་ལོ་ཟླ་ཧྲིལ་བོར་བརྩོན་པ་ལས།།
འཇོག་ཚུལ་ཁྱད་ཆོས་རྨད་བྱུང་འདི་དག་མཐོང་།།
བདག་ཀྱང་ཀུན་མཁྱེན་རོང་ཀློང་མི་ཕམ་གསུམ།།
རྟག་ཏུ་གར་སྐྱེས་མཚན་ཐོས་གནས་སུ་སྐྱེ།།
ཚེ་རབས་སྐྱེ་བ་མ་ལུས་ཐམས་ཅད་དུ།།
བདག་ཉིད་ཁྱོད་བཞིན་རྒྱལ་བསྟན་སྲུང་བར་སྨོན།།
ཧ་ཅང་གཙོར་བྱས་མཆོག་འཛིན་མི་རློམས་པར།།
ཕྱོགས་ལྷུང་འཁྲུགས་ཡིད་རྣམ་པར་རིང་སྤངས་ནས།།
དག་སྣང་ཆོས་ཚུལ་འབྱོངས་བར་སྨོན་པ་དང་།།
བསྟན་འཛིན་ཐུགས་མཐུན་མཛད་འཕྲིན་རྒྱས་གྱུར་ཅིག།
ཅེས་གངས་རིའི་ཁྲོད་འདིར་ཕྱིས་ཀྱི་བསྟན་འཛིན་ཆེན་པོ་འགྲན་ཟླ་དང་བྲལ། ཀུན་མཁྱེན་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་དཔལ་གྱི་ངང་ཚུལ་མདོ་ཙམ་བརྗོད་ནས། བློ་དམན་གསར་བུ་བདག་གིས་ལོ་མི་ཉུང་བའི་ནང་། ཀུན་མཁྱེན་བླ་མའི་གཞུང་ལུགས་ཐོས་བསམ་ལས་རྙེད་པའི་གྲུབ་མཐའི་འཇོག་ཚུལ་ཁྱད་ཆོས་རྨད་དུ་བྱུང་བ་ཅན་འདི་དག་མཐོང་བ་དང་། དད་པའི་པད་མོ་རྒྱས་པར་བྱེད་པའི་བསྟོད་ཚིག་གི་ཉི་མ་ཞེས་བྱ་བ། བྱང་ཕྱོགས་སོ་བདུན་གྱི་གྲངས་དང་མཐུན་པར་བྱེད་པ་པོ་ནི། ལྷ་གཉན་དཔལ་འཛོམས་རྡོ་རྗེ་དགྲ་འདུལ་གྱི་མདུན་རོལ། རྗེ་འབངས་ཉེར་ལྔ་ལས་རྨ་ཐོག་རིན་ཆེན་གྱི་སློབ་མ། ཀྱེ་རེ་མཆོག་སྐྱོང་དབང་པོའི་གདན་ས་ཁྱད་པར་ཅན་དེར། ཉ་སྐར་ས་གའི་ཚེས་༢༧-༢༨གཉིས་ལ་མདའ་མེ་ལྕེ་དེས་གྲུབ་པར་བགྱིས་པའོ།། དགེའོ།། དགེའོ།། སརྦ་མཾངྒ་ལཾ།། །།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།