རྩོམ་པ་པོ། བླ་རུང་མཁན་མུ་ར་ཀུན་བཟང་།
ཡོང་ཁུངས། དགུ་ཚིགས་བོད་ཡིག་སྤྱི་སྟེགས།
![]() |
| མཁན་ཆེན་ཨ་ཁྱུག་རིན་པོ་ཆེ་གྲུབ་དབང་ལུང་རྟོགས་རྒྱལ་མཚན། |
འཁོར་འདས་མཉམ་པར་བརྡལ་བ་སྟོང་ཆེན་གྱི་མཁའ་རུ།།
བདེ་སྟོང་གཡོ་བ་མེད་པ་ཏིང་འཛིན་གྱིས་སྨྱོས་ཏེ།།
ངེས་གསང་གདམས་པའི་དབྱངས་སྙན་འདོད་རྒུ་རུ་སྒྲོག་པའི།།
གྲུབ་རིག་བྱེ་བའི་གཙུག་རྒྱན་བླ་མ་དེ་མཁྱེན་ནོ།།
ལྟ་བ་གདེངས་སུ་གྱུར་པའི་དངོས་གྲུབ་ཅིག་སྩོལ་ཤོག།
མ་ངེས་ཀུན་རྟོག་དྲག་པོའི་རླབས་རྩེ་ན་བསྐྱོམས་ཤིང་།།
སྡུག་བསྔལ་ཆུ་བོ་བཞི་ཡི་རྦ་ཀློང་ལ་འཕྱན་པའི།།
ལས་ཉོན་དུཿཁས་མནར་བའི་སྲིད་གསུམ་གྱི་འགྲོ་ལ།།
ཐུགས་བརྩེའི་སྤྱན་རས་གཡོ་བའི་བླ་མ་དེ་མཁྱེན་ནོ།།
སྲིད་པའི་གདུང་བ་སེལ་བའི་དངོས་གྲུབ་ཅིག་སྩོལ་ཤོག།
འགྱུ་བ་རང་སར་གྲོལ་བའི་གདམས་པ་དེ་དྲན་ཡང་།།
འགྱུ་དྲན་དབྱིངས་སུ་བསྡུ་བའི་རྩལ་ཆེན་དེ་མ་རྫོགས།།
འདས་སོང་ལོ་ཟླའི་ཕྲེང་བ་ཡིད་ཡུལ་ལ་ཤར་ན།།
སྐྱོ་གདུང་སྨུག་སྤྲིན་སིལ་མའི་ཕྲེང་ཐག་དེ་ཆད་འགྲོ།།
སྐྱོ་གཞས་དབྱངས་སུ་གྱེར་བར་ཐུགས་ཁྲེལ་རང་མ་གནང་།།
མི་བརྟན་འདུ་འབྲལ་སྲིད་པའི་གར་སྟབས་ཀྱིས་གཙེས་པའི།།
ལས་ཉོན་སྒོང་རྒྱར་ཐིམ་པའི་ཉམ་ཆུང་གི་བུ་རུལ།།
སྐྱོ་སྣང་ན་བུན་སྟུག་པོར་དབང་མེད་དུ་འཕྱན་དུས།།
སྟོན་འཁོར་མཉམ་འཛོམས་སྐྱིད་པའི་རྨི་ལམ་དེ་དྲན་ནོ།།
མཚུངས་མེད་དཔལ་ལྡན་བླ་མའི་ཆེ་བ་དག་དྲན་ནོ།།
སྔར་ཞིག་ས་ལ་སྤྱོད་པ་འོག་མིན་གྱི་ཞིང་འདིར།།
སྟོན་འཁོར་ལྷན་དུ་འཛོམས་པའི་དགའ་སྐྱིད་ཀྱི་ཡོ་ལང་།།
རྔ་ཡབ་པདྨ་འོད་ཀྱི་གསང་གསུམ་གྱི་རོལ་བ།།
བསོད་ནམས་དཔྱིད་དུ་འཛུམ་པའི་སྤྲོ་དགའ་དེ་དྲན་ནོ།།
དགེ་ལེགས་འདབ་སྟོང་གྲོལ་བའི་ཆེ་བ་ཡང་དྲན་ནོ།།
ཐུགས་བསྐྱེད་སྐྱ་རེངས་གསར་བའི་ཤིང་རྟ་ལ་དྲངས་ཏེ།།
ལེགས་བྱས་མཁའ་རུ་བོས་པ་མཛད་བཟང་གི་ཉི་གཞོན།།
རྒྱལ་བསྟན་ཉིན་མོར་བྱེད་པའི་རྟེན་འབྱུང་དུ་འཛུམ་པ།།
ཧེ་རུ་ཀཿདཔལ་པདྨའི་ཞལ་སྐྱིན་དེ་དྲན་ནོ།།
འབྲེལ་ཚད་རྔ་ཡབ་འདྲེན་པའི་ཆེ་བ་ཡང་དྲན་ནོ།།
ངུར་སྨྲིག་ག་ཤལ་གཡོ་བའི་བླ་གོས་གྱིས་མཛེས་ཤིང་།།
བསླབ་གསུམ་རྒྱན་དུ་འཆང་བ་ཁྲིམས་ལྡན་གྱི་འཁོར་ཚོགས།།
ལི་ཁྲིའི་རླབས་ཕྲེང་གཡོ་བའི་གར་སྟབས་ལ་འགྲན་བཞིན།།
ཡངས་པའི་ས་ཆེན་ཁྱབ་པའི་ངོ་མཚར་དེ་དྲན་ནོ།།
བསྟན་སྲོག་རྨང་ནས་གསོས་པའི་ཆེ་བ་ཡང་དྲན་ནོ།།
གངས་ལྡན་རི་བོའི་ཁོར་ཡུག་འོད་དཀར་གྱིས་འཁྱུད་པའི།།
ཆོས་སྲིད་ཉི་ཟླའི་སྣང་བ་གླིང་བཞི་རུ་འཕྲོས་ཀྱང་།།
དུས་འགྱུར་མུན་པའི་སྨག་ཆེན་གློ་བུར་དུ་འཐིབ་དུས།།
ལུང་རྟོགས་ཉི་གཞོན་འདྲེན་པའི་ཐུགས་བསྐྱེད་དེ་དྲན་ནོ།།
བསྟན་པའི་རྒྱལ་མཚན་ཕྱར་བའི་ཆེ་བ་ཡང་དྲན་ནོ།།
རྩོལ་བཅས་ཐེག་པས་གདུལ་དཀའ་དུས་སྙིགས་ཀྱི་འགྲོ་ལ།།
རྩོལ་མེད་ཨ་ཏིའི་བསྟན་པ་ཉི་བཞིན་དུ་གསལ་ཏེ།།
དགག་སྒྲུབ་བློ་ལས་འདས་པའི་རང་བྱུང་གི་རིག་པ།།
མ་གསང་རྗེན་པར་བསྟན་པའི་བཀའ་དྲིན་དེ་དྲན་ནོ།།
ཡང་གསང་གདམས་པས་ཕྱུག་པའི་ཆེ་བ་ཡང་དྲན་ནོ།།
ཡོད་མེད་སྤྲོས་པའི་སྤྲིན་རིས་སྟོང་དབྱིངས་སུ་དག་ཀྱང་།།
སྟོང་གཟུགས་གར་གྱི་སྣང་བ་ཆུ་ཟླ་ལྟར་གཡོ་བའི།།
འཁྲུལ་སྣང་སྒྱུ་མའི་ཐང་གི་སྐལ་ལྡན་གྱི་སྐྱེ་བོར།།
ཀ་དག་ལྟ་བའི་རང་ཞལ་བསྟན་པ་དེ་དྲན་ནོ།།
གཟུང་འཛིན་དབྱིངས་སུ་བསྡུས་པའི་ཆེ་བ་ཡང་དྲན་ནོ།།
དབྱིངས་རིག་འདུ་འབྲལ་མེད་པ་ཏིང་འཛིན་གྱི་འཁྲུལ་འཁོར།།
རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་མཁའ་མཐའ་རུ་བསྐོར་ཏེ།།
ལྷུན་འགྲུབ་སྣང་བཞིའི་རྩལ་ཆེན་སྐད་ཅིག་ལ་རྫོགས་པའི།།
སྔ་འགྱུར་རིག་འཛིན་བརྒྱུད་པའི་གདུང་འཚོབ་དེ་དྲན་ནོ།།
སྣང་སྲིད་དག་མཉམ་ལྟ་བའི་ཆེ་བ་ཡང་དྲན་ནོ།།
འཁྲུལ་རྟོག་ཨ་འཐས་དམ་པོས་དབང་མེད་དུ་བཅིང་བའི།།
ལས་ཉོན་དུཿཁས་མནར་བའི་ཉམ་ཐག་གི་འགྲོ་ལ།།
འཁྲུལ་སྣང་རང་སར་གྲོལ་བའི་གདམས་པ་དེ་བསྟན་ནས།།
སྲིད་རྒྱུན་དུམ་བུར་བཅད་པའི་ངོ་མཚར་དེ་དྲན་ནོ།།
སྙན་རྒྱུད་ཕ་ཆོས་གཙང་མའི་ཆེ་བ་ཡང་དྲན་ནོ།།
བརྒྱུད་གསུམ་རིག་འཛིན་བླ་མའི་དགོངས་ཀློང་ནས་བབས་ཏེ།།
ཐུགས་ཀྱི་བཅུད་དུ་འཁྱིལ་བ་གདམས་ཟབ་ཀྱི་བདུད་རྩི།།
རིས་མེད་སྐལ་བཟང་སྐྱེ་བོའི་བགོ་སྐལ་དུ་བསྩལ་ཏེ།།
དུག་ལྔའི་ཚ་གདུང་རྨང་ནས་བཅོམ་པ་དེ་དྲན་ནོ།།
འགྲོ་འདུལ་རིག་འཛིན་བརྒྱུད་པའི་ཆེ་བ་ཡང་དྲན་ནོ།།
ཆོས་བརྒྱད་སྤྲིན་སྣ་སྟུག་པོའི་འདུ་འགོད་དང་འགྲོགས་པའི།།
འདོད་ཡོན་བདུད་ཀྱི་གཡབ་མོས་མི་སེམས་དེ་སྒུལ་དུས།།
ཡིད་འོང་དབེན་པའི་རི་སིལ་ཉམས་དགའ་རུ་བཞུགས་ཤིང་།།
བསྒྲུབ་པའི་རྒྱལ་མཚན་མཐོན་པོར་བསྒྲེངས་བ་དེ་དྲན་ནོ།།
ཉམས་རྟོགས་རྩལ་ཆེན་རྫོགས་པའི་ཆེ་བ་ཡང་དྲན་ནོ།།
གཞི་འབྲས་དབྱེར་མེད་ལྟ་བའི་ཉམས་བརྒྱ་དང་འགྲོགས་པའི།།
རིམ་གཉིས་ཟབ་མོའི་གཤོག་ཡངས་མཁའ་མཐའ་རུ་བརྐྱངས་ཏེ།།
སྐུ་བཞིའི་ལྷ་ལམ་ཡངས་པོར་ཁྱུང་ལྡིང་བཞིན་སྐྱོད་མཁས།།
ཕ་ཅིག་དགའ་རབ་དཔའ་བོའི་ཐུགས་སྲས་དེ་དྲན་ནོ།།
ཕ་རྗེས་བུ་ཡིས་བསྙེགས་པའི་ཆེ་བ་ཡང་དྲན་ནོ།།
འདྲེན་མཆོག་དཔལ་ལྡན་བླ་མའི་གདམས་ཟབ་ཀྱི་བདུད་རྩི།།
དད་དམ་གཡོ་བ་མེད་པའི་བུམ་བཟང་དུ་བསྐྱིལ་ཞིང་།།
ལས་ཉོན་སྲིད་པའི་ཚ་གདུང་རྨི་ལམ་བཞིན་ཡལ་ཏེ།།
དངོས་གྲུབ་རྣམ་གཉིས་ཆར་དུ་བསྙིལ་བ་དེ་དྲན་ནོ།།
དག་སྣང་ཉམས་བརྒྱ་འབར་བའི་ཆེ་བ་ཡང་དྲན་ནོ།།
ལས་བཞི་ལྷུན་གྱིས་གྲུབ་པའི་རྩེད་འཇོ་ཡི་གར་སྟབས།།
སྣང་སེམས་དབང་དུ་སྡུད་པའི་ཐབས་མཁས་ལ་བརྟེན་ཏེ།།
འཛིན་མེད་སྟོང་གསལ་དབྱིངས་ཀྱི་བྲོ་ར་རུ་སྒྱུར་བའི།།
ངེས་དོན་རིག་འཛིན་དཔའ་བོའི་རྣམ་ཐར་དེ་དྲན་ནོ།།
ལྟ་བ་ཀློང་དུ་གྱུར་པའི་ཆེ་བ་ཡང་དྲན་ནོ།།
དེ་ལྟར་འགྱུ་དྲན་དྭངས་མའི་མེ་ལོང་གི་ངོས་སུ།།
འདྲེན་མཆོག་དཔལ་ལྡན་བླ་མའི་མཛད་བཟང་གི་གཟིགས་མོ།།
དད་གསུམ་སྒོ་བརྒྱ་འབྱེད་པའི་རྟེན་འབྱུང་དུ་ཤར་ཚེ།།
མ་བཅོས་དབྱངས་ཀྱི་མཆོད་པས་ཐུགས་རྒྱུད་དེ་བསྐུལ་ན།།
གཟུང་འཛིན་དབྱིངས་སུ་ཡལ་བའི་དངོས་གྲུབ་ཅིག་སྩོལ་ཤོག།
བདག་སོགས་འདི་ནས་སྲིད་པ་མ་སྟོང་གི་བར་དུ།།
ཡང་ཟབ་ཐེག་རྩེའི་སྙིང་པོའི་གསང་མཛོད་ལ་དབང་ཞིང་།།
འགྲོ་འདུལ་སྤྲུལ་བའི་རོལ་གར་ཆུ་ཟླ་བཞིན་བསྒྱུར་ཏེ།།
དཔག་ཡས་འགྲོ་བ་ཕན་བདེའི་ལམ་བཟང་ལ་འགོད་མཁས།།
ཕ་གཅིག་བླ་མའི་རྣམ་ཐར་སྐྱོང་བ་ལ་སྨོན་ནོ།།
ཞེས་པ་འདི་ནི། ངེས་དོན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་༸གྲུབ་དབང་བླ་མ་ལུང་རྟོགས་རྒྱལ་མཚན་དཔལ་བཟང་པོ་མཆོག དགོངས་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏེ། ལོ་འཁོར་ལྔ་ལོན་པའི་རྗེས་དྲན་གྱི་ཉིན་མོ་སྟེ། བོད་རབ་རྒྱན་ཤིང་སྤྲེལ་ལོའི་ཟླ་ ༠༥ ཚེས་ ༡༧ ཉིན། གང་གི་སློབ་འབངས་སུ་གཏོགས་པ་མུ་ར་ཀུན་བཟང་གིས། གསེར་ལྗོངས་བླ་མ་རུང་ནས་བྲིས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།