རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 16 October 2024

༄༅། །ཞབས་བརྟན་གསོལ་འདེབས་འཆི་མེད་རྔ་སྒྲ་ཞེས་བྱ་བ་བཞུགས་སོ།།

ཨ་ལགས་གཟན་དཀར་ཐུབ་བསྟན་ཉི་མ།


ཨོཾ་སྭ་སྟི།
ཟག་མེད་ཡེ་ཤེས་དཔག་ཡས་སྐུ་ཐོབ་ཅིང་།།
དུས་མིན་འཆི་བའི་འཇིགས་ལས་སྒྲོལ་བའི་མགོན།།
ཚེ་དཔག་མེད་མགོན་ལྷ་མོ་རྣམ་རྒྱལ་མ།།
ཡིད་བཞིན་འཁོར་ལོས་འཆི་མེད་དངོས་གྲུབ་སྩོལ།།

ངེས་འབྱུང་བློ་ཡིས་རྣམ་པར་གྲོལ་བའི་ལམ།།
ཚེ་གཅིག་གདོད་མའི་མགོན་པོ་མངོན་བྱེད་ལ།།
རབ་ཏུ་སྦྱངས་ཤིང་ཆོས་མཐུན་སྤྱོད་པ་བཟང་།།
རིང་ནས་གོམས་པའི་སྐྱེས་ཆེན་ཞབས་བརྟན་གསོལ།།

ཤཱཀྱ་ཐུབ་དབང་བསྟན་ལ་རབ་སྦྱངས་ནས།།
པདྨ་ཀཱ་རའི་བཀའ་སྲོལ་སྔ་འགྱུར་བའི།།
ཟབ་གསང་གདམས་པ་འཛིན་ལ་དབང་འབྱོར་བའི།།
སྨྲ་བའི་སེངྒེ་བསྐལ་བརྒྱར་ཞབས་བརྟན་གསོལ།།

མདོ་སྔགས་ཀུན་དང་ཡོ་ག་རྣམ་གསུམ་ལ།།
འཇམ་དཔལ་དབྱངས་ཀྱང་དགྱེས་པའི་བློ་གྲོས་ཀྱི།།
ངོ་མཚར་ཡོན་ཏན་ནོར་བུའི་དཔལ་ལྡན་པའི།།
ལུང་རྟོགས་མཛོད་འཆང་དམ་པ་ཞབས་བརྟན་གསོལ།།

ལྷག་པའི་བསླབ་གསུམ་ཐར་བའི་རྒྱལ་མཚན་སྒྲེང་།།
སྡེ་སྣོད་རྣམ་གསུམ་ཐ་སྙད་གཙུག་ལག་འཛིན།།
གཞན་ཕན་འཕྲིན་ལས་ཉིན་མོར་བྱེད་འབར་བས།།
བསྟན་འགྲོའི་དོན་མཛད་ཆེན་པོ་ཞབས་བརྟན་གསོལ།།

རྣམ་གྲོལ་ཞི་བའི་གོ་འཕང་མཆོག་བརྙེས་པའི།།
པདྨ་འབྱུང་གནས་ཚེ་དབང་རིག་པ་འཛིན།།
དྲང་སྲོང་ལྷ་དང་བདེན་ཚིག་གྲུབ་རྣམས་ཀྱིས།།
གང་སྐུ་ཡུན་རིང་འཚོ་བའི་བྱིན་རླབས་སྩོལ།།

ཐུབ་བསྟན་སྙིང་པོ་མདོ་སྔགས་ཆོས་ཚུལ་ཆེ།།
དཀར་ཕྱོགས་ཟླ་བཞིན་མྱུར་དུ་རབ་འཕེལ་ནས།།
རྫོགས་ལྡན་དུས་བཟང་བདེ་དགའི་གྲུ་ཆར་གྱིས།།
སྙིགས་མའི་ཚ་གདུང་ཞི་བའི་དཔལ་འབར་ཤོག།

   ཅེས་སྡེ་སྣོད་འཛིན་པ་མཁན་པོ་རྣམ་གྲོལ་ཚེ་རིང་གི་ཞབས་པད་བརྟན་པའི་གསོལ་འདེབས་སྨོན་ཚིག་འདི་ནི། གཡག་ཟེ་སྤྲུལ་སྐུ་ཕྲིན་ལས་ཀྱིས་བསྐུལ་ངོར་མི་ཉག་འཁྱམ་པོ་བ་ཐུབ་བསྟན་ཉི་མར་འབོད་པས། སྤྱི་ལོ་ ༢༠༢༤ ལོའི་ཟླ་ ༡༠ པའི་ཚེས་ ༡༢ ལ་སོར་བཅུའི་འདབ་མ་སྤྱི་བོར་བཀོད་དེ་ཕུལ་བ་ལགས་སོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།