འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།
ཨོཾ་ཧོ་ཡེ།
རྗེ་རིགས་བརྒྱའི་ཁྱབ་བདག་འགྲོ་བའི་མགོན། །
ཕ་དྲན་པས་གདུང་སེལ་འཇིགས་མེད་གླིང་། །
མཚན་ཐོས་པས་སྲིད་པ་ཧྲུལ་པོར་བྱེད། །
དཔལ་པདྨ་སཾ་བྷས་ལུང་བསྟན་ཅིང་། །
རྗེ་དྲི་མེད་འོད་ཟེར་དགྱེས་ཞལ་མཇལ། །
ཆོས་སྡེ་གསུམ་རྫོགས་ཆེན་བསྟན་པ་གཏད། །
མགོན་རང་བྱུང་རྡོ་རྗེར་གསོལ་བ་འདེབས། །
ཐུགས་མཁྱེན་བརྩེའི་ཡེ་ཤེས་དྲི་མ་མེད། །
གསུང་ཆོས་ཀྱི་སྒྲ་དབྱངས་ཡོངས་ལ་ཁྱབ། །
སྐུ་ངོ་མཚར་མཚན་དཔེས་ཉིན་མོར་བྱེད། །
ཕ་མཁྱེན་བརྩེའི་འོད་ཟེར་གསོལ་བ་འདེབས། །
ལམ་རིམ་གཉིས་རྣལ་འབྱོར་བྱེད་པ་ཡི། །
རྩ་ཐིག་རླུང་མདུད་པ་རང་གྲོལ་བས། །
ཁྱོད་མ་བསླབ་ཤེས་བྱ་མཐའ་དག་མཁྱེན། །
རྗེ་འཇམ་དབྱངས་བླ་མར་གསོལ་བ་འདེབས། །
ཆོས་བྱང་ཆུབ་སེམས་ཀྱི་ཐུགས་རྒྱུད་འབྱོར། །
ཁྱོད་འགྲོ་བ་ཀུན་ལ་བུ་ལྟར་བརྩེ། །
མ་སེམས་ཅན་ཀུན་གྱི་ཉེར་འཚོའི་གཞི། །
མགོན་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །
ཕ་ཁྱེད་ཀྱི་མཐུ་སྟོབས་ཟླ་མེད་པས། །
བདུད་སྲིན་པོའི་གྲོང་ཁྱེར་རྨོངས་ནས་གཞོམ། །
ཕྱོགས་ཀུན་ལས་རྣམ་པར་རྒྱལ་བའི་ལྷ། །
མགོན་ལག་ན་རྡོ་རྗེར་གསོལ་བ་འདེབས། །
སྐྱབས་རྩ་གསུམ་ཀུན་འདུས་གུ་རུ་རྗེའི། །
ཐུཊ་དགོངས་པའི་གསང་མཛོད་གཏེར་ཆེན་བརྡོལ། །
རྗེ་སྣང་བཞིའི་ལམ་གྱི་རྩེ་མོར་སོན། །
ཕ་གདོད་མའི་མགོན་པོར་གསོལ་བ་འདེབས། །
མགོན་པད་འབྱུང་དྲི་མེད་འོད་ཟེར་གྱི། །
ཐུགས་གཏེར་གྱི་གདམས་པས་འཛམ་གླིང་ཁྱབ། །
རྗེ་འབྲེལ་ཚད་དོན་ལྡན་ཕྲིན་ལས་ཅན། །
དཔལ་པདྨ་དབང་ཆེན་གསོལ་བ་འདེབས། །
བུ་བདག་གི་བློ་སྙིང་བྲང་གསུམ་པོ། །
དུས་དེང་ནས་བྱང་ཆུབ་སྙིང་པོའི་བར། །
ཕ་སྐྱབས་ཀུན་འདུས་ཞལ་ཆེན་པོ་ལ། །
རེ་ལྟོས་ལིང་བསྐྱུར་གྱི་འབུལ་ལགས་ན། །
རྗེ་བླ་མས་ཡེ་ཤེས་སྤྱན་གྱིས་གཟིགས། །
བདག་ཐུགས་རྗེའི་ཕྱག་གིས་མ་འདོར་ཨང་། །
བུ་བདག་ལ་སྐྱིད་སྡུག་ཅི་བྱུང་ཡང་། །
ཕ་དྲན་མཆོག་བླ་མ་ཁྱེད་རང་མཁྱེན། །
བདག་སྙིང་ཁ་འོད་ལྔའི་ཀློང་སྒྲོམ་དུ། །
ཕ་སྐུ་གསུམ་རང་བྱུང་རྡོ་རྗེ་བཞུགས། །
བུ་རིག་སྟོང་དགོངས་པའི་རྩལ་ཆེན་རྫོགས། །
མགོན་ཀུན་བཟང་ཐུགས་དང་དབྱེར་མེད་ཤོག །
ཅེས་པའང་རང་ལོ་སོ་གསུམ་སྣོན་ཟླའི་ཚེས་གཅིག་ལ་རྗེ་བླ་མའི་གདན་ས་མཇལ་བ་ན་དད་སྤྲོ་དང་དགའ་སྐྱོ་འདྲེས་མའི་ངང་དེ་གར་གཡོ་རུ་ཁྲ་འབྲུག་གི་གཙུག་ལག་གི་ཉེ་ལོགས་སུ་པདྨ་ཡེ་ཤེས་རྡོ་རྗེས་མོས་གུས་དྲག་པོས་གསོལ་བ་འདེབས་པ་བླ་མའི་བྱིན་རླབས་སྙིང་ལ་འཇུག་པར་བྱིན་གྱིས་བརླབ་ཏུ་གསོལ།སརྦ་སིདྡྷི་རསྟུ། ཤུ་བྷཾ།། །།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།