རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Friday, 15 November 2024

གྲངས་མེད་བསྐལ་པར་བསགས་པའི་བསོད་ནམས་ཀྱི་དྭངས་མ།

མེ་དྷཱི། (བོད་དཔལ་ཡུལ་དགོན།)


༄༅། །དུས་གསུམ་སངས་རྒྱས་འདུས་པའི་སྤྱི་གཟུགས། རིགས་དང་ དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག ལྷར་བཅས་འགྲོ་བ་ཡོངས་ཀྱི་
མཆོད་སྡོང་ཆེན་མོ། སྐྱབས་རྗེ་འཁོར་ལོའི་མགོན་པོ། ྋཐུབ་བསྟན་ ཚུལ་ཁྲིམས་ནོར་བུ་འོད་ཟེར་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོར་
གསོལ་བ་འདེབས་པ། གྲངས་མེད་བསྐལ་པར་བསགས་པའི་བསོད་
ནམས་ཀྱི་དྭངས་མ་ཞེས་བྱ་བ་བཞུགས་སོ།།

བདེ་ཆེན་འཕོ་འགྱུར་བྲལ་བའི་བཞུགས་གྲལ་ཀྱི་དབུས་ན།།
ཡེ་ཤེས་དྭངས་མ་ལྔ་ལྡན་འཇའ་ལུས་ཀྱི་འོད་སྐུ།།
སྐལ་ལྡན་སློབ་ཚོགས་མང་པོའི་ལྷ་སྐལ་ལ་བཞེངས་ཏེ།།
དད་མོས་རྒྱ་མཚོའི་ཀློང་ནས་ཆོས་ཆར་ཞིག་འབེབས་བྱུང་།།
མཁྱེན་ནོ་རྒྱལ་བའི་སྤྱི་གཟུགས་དྲིན་ཆེན་གྱི་བླ་མ།།

དམར་སེར་ངུར་སྨྲིག་འཕེལ་བའི་ལྭ་བ་དེ་བགོས་ནས།།
བསྒྲུབ་གསུམ་གཏེར་སྒྲོམ་འབྱེད་པའི་ཡེ་ཤེས་ཀྱི་དགོངས་ཀློང་༎
ཞི་བསིལ་དམ་པའི་ཆོས་ཀྱི་སྒྲ་དབྱངས་དེ་སྒྲོག་དུས།།
གཟུར་གནས་བློ་མིག་ཅན་རྣམས་ཁྱེད་ཕྱོགས་སུ་འཁོར་སོང་།།
མཁྱེན་ནོ་རྒྱལ་བའི་སྤྱི་གཟུགས་དྲིན་ཆེན་གྱི་བླ་མ།།

ས་ཁྱོན་རྡུལ་དང་མཉམ་པའི་རྟོགས་ལྡན་གྱི་ཉམས་སྣང་།།
སྐྱེ་འཆི་བར་དོ་མཁྱེན་པའི་ངུར་སྒྲ་རུ་སྨིན་ཚེ།།
ཁྱེད་ཉིད་དུས་གསུམ་རྒྱལ་བའི་དགོངས་དོན་ལ་འདྲེས་པས།།
ངེས་དོན་རྒྱ་མཚོར་སེམས་པའི་རྣམ་གཡེངས་ཀྱིས་བཅིང་ཐལ།།
མཁྱེན་ནོ་རྒྱལ་བའི་སྤྱི་གཟུགས་དྲིན་ཆེན་གྱི་བླ་མ།།

ཤར་ནུབ་མི་རིགས་དཀར་ནག་ཕྱུག་བདག་ལ་རྩོད་དུས།།
རབ་སྔགས་འདུས་པ་མང་པོ་འགྲོ་དོན་ཞེས་བྲེལ་ཐལ།།
སྐྱོ་ཤས་གླུ་དབྱངས་གྱེར་བའི་ངེས་འབྱུང་གི་བདག་པོ།།
རེ་དོགས་མདུད་པ་གྲོལ་བའི་གདན་གྲལ་ལ་འཁོད་སོང་།།
མཁྱེན་ནོ་རྒྱལ་བའི་སྤྱི་གཟུགས་དྲིན་ཆེན་གྱི་བླ་མ།།

དགའ་ཉམས་དགྱེས་བརྩེའི་འཛུམ་མདངས་རྒྱུ་ནོར་ཀྱིས་མ་འཕྲོག།
ཁ་ཡག་ངོ་དགའ་སྟོང་གི་གཡོ་འོག་ཏུ་མ་ཚུད།།
རིས་མེད་བསྟན་འགྲོའི་དོན་ཆེན་མི་ཁ་ཡིས་མ་ལྷད།།
བརྟན་བརྗིད་ལྷུན་པོའི་རི་བོ་ཞི་དུལ་ཀྱི་ངང་ཚུལ།།
མཁྱེན་ནོ་རྒྱལ་བའི་སྤྱི་གཟུགས་དྲིན་ཆེན་གྱི་བླ་མ།།

རང་ཉིད་རང་གིས་གླེང་བའི་དེང་སང་གི་སྤྱི་ཚོགས།།
ཁྱིམ་མཚེས་གྲོགས་ཀྱིས་འཁྲབ་པའི་ཟློས་གར་ལ་ལྟོས་དང་།།
སྤྲུལ་སྐུ་རྟོགས་ལྡན་ཟེར་བ་ཁ་ཕོར་ཀྱི་མོལ་གཏམ།།
སྔ་འགྱུར་རིག་འཛིན་བརྒྱུད་པའི་རྒྱབ་རྟེན་དེ་བཙན་སོང་།།
མཁྱེན་ནོ་རྒྱལ་བའི་སྤྱི་གཟུགས་དྲིན་ཆེན་གྱི་བླ་མ།།

ལེགས་པ་སྟོང་གིས་བསྐྲུན་པའི་རང་ཅག་གི་ལྟ་སྐལ།།
འབྱོར་ན་ཚོགས་ཀྱི་འཁོར་ལོ་ཁྱེད་ཕྱོགས་སུ་ཕུལ་ཞིང་།།
ཕོང་ན་དད་པའི་མཎྜལ་གཏིང་སེམས་ལ་བཀོད་ནས།།
ཚེ་རབས་ཁྱེད་དང་འགྲོགས་པའི་དངོས་གྲུབ་ཅིག་ཞུ་འོ།།
མཁྱེན་ནོ་རྒྱལ་བའི་སྤྱི་གཟུགས་དྲིན་ཆེན་གྱི་བླ་མ།།

སྐྱིད་ན་དབྱངས་ཀྱི་སྐུད་པ་ཁྱེད་ཕྱོགས་སུ་འཐེན་ཞིང་།།
སྐྱོ་ན་མིག་མཐའི་མཆི་མ་ཁྱེད་ཡུལ་དུ་བཏང་སྟེ།།
དགའ་སྡུག་འོ་ཆུ་འདྲེས་པའི་འཇིག་རྟེན་གྱི་གྲུ་ཁར།།
དད་པའི་རུམ་དུ་འཕེལ་སོང་ཚེ་རབས་ཀྱི་ལྷ་མཆོག།
མཁྱེན་ནོ་རྒྱལ་བའི་སྤྱི་གཟུགས་དྲིན་ཆེན་གྱི་བླ་མ།།

ཡ་གིའི་རྟོགས་ལྡན་བླ་མ་བྱིན་བརླབས་དེ་ཆེ་རབས།
མ་གིའི་མམཁས་གྲུབ་གཉིས་ལྡན་ཉམས་སྣང་དེ་འཕེལ་ཚུལ།
སངས་རྒྱས་དངོས་བྱོན་འདྲ་བའི་ལོ་རྒྱུས་དེ་མོད་ཀྱང་།།
བདག་ནི་ཁྱེད་ལ་བསྟེན་པའི་བློ་ཐག་རང་ཆོད་སོང་།།
མཁྱེན་ནོ་རྒྱལ་བའི་སྤྱི་གཟུགས་དྲིན་ཆེན་གྱི་བླ་མ།།

ཐ་མར་ལི་རུ་སྐད་ན་དྲིན་ཆེན་གྱི་ཕ་མ།།
འདི་ཕྱི་བར་དོར་འདྲེན་པའི་རིགས་བདག་གི་མགོན་པོ།།
སྐྱེ་བའི་ཚེ་རབས་རྣམས་སུ་ཐུགས་དམ་ལ་བསྙེན་ནས།།
གཉུག་མའི་རང་ཞལ་མཐོང་བའི་གསོལ་བ་ཞིག་འདེབས་སོ།།
མཁྱེན་ནོ་རྒྱལ་བའི་སྤྱི་གཟུགས་དྲིན་ཆེན་གྱི་བླ་མ།།

སངས་རྒྱས་དངོས་བྱོན་འདྲ་བའི་བླ་མ་ཡི་ཐུགས་རྗེས།།
སྐྱོ་སྡུག་རི་བོའི་ཕུང་པོ་གཞི་མེད་ལ་བསྙིལ་ཏེ།།
དད་གུས་མཆོད་སྡོང་ཆེན་པོ་སྐད་ཅིག་གིས་བཞེངས་དུས།།
རྒྱུ་འབྲས་བླང་དོར་མིག་ཟུང་ཁྱེད་ཉིད་ཀྱིས་ཕྱེས་ཡོད།།
མཁྱེན་ནོ་རྒྱལ་བའི་སྤྱི་གཟུགས་དྲིན་ཆེན་གྱི་བླ་མ།།

ཕྱི་ནང་རྟེན་འབྲེལ་དུ་མའི་བགོ་སྐལ་དེ་ལེགས་པས།།
མཐོང་གྲོལ་མཚན་དཔེའི་པད་མོ་མིག་ལམ་ནས་མ་ཡོལ།།
གདམས་པ་གསེར་གྱི་ཞུན་མ་ཉན་བྱེད་ལ་འུབ་དུས།།
མ་བཅོས་དགོངས་པའི་ཐིག་ལེ་རང་རྒྱུད་དུ་འཕོས་སོང་།།
མཁྱེན་ནོ་རྒྱལ་བའི་སྤྱི་གཟུགས་དྲིན་ཆེན་གྱི་བླ་མ།།

མཆོག་གསུམ་རྩ་གསུམ་སྲུང་མའི་རྣམ་དཀར་གྱི་མཐུ་སྟོབས།།
ཆོས་ཉིད་མི་བསླུའི་ངང་ཚུལ་རྟེན་འབྲེལ་གྱི་བདེན་པས།།
ཁྱེད་སྐུ་བསྟན་འགྲོར་ཕེབས་ལ་བགྲེས་རྒུད་དང་བྲལ་ནས།།
དྲུག་ཅུ་ཚངས་པའི་སྒྲ་དབྱངས་རྟག་ཁྱབ་ཏུ་གསུངས་མཛོད།།
མཁྱེན་ནོ་རྒྱལ་བའི་སྤྱི་གཟུགས་དྲིན་ཆེན་གྱི་བླ་མ།།

འདོད་འབྱུང་བུམ་བཟང་འདྲ་བའི་རིགས་བདག་གི་ལྷ་ཡིས།།
ཕ་ནོར་གནམ་ཆོས་སྩོལ་བའི་སྨིན་གྲོལ་གྱི་དུས་འདིར།།
ཚེ་རབས་ལྷ་མཆོག་བསྙེན་པའི་རང་ཤར་གྱི་ཐོལ་གླུ།།
བཅུ་གསུམ་རྡོ་རྗེ་འཛིན་པའི་རྟེན་འབྲེལ་ལ་ཡག་སོང་།།
མཁྱེན་ནོ་རྒྱལ་བའི་སྤྱི་གཟུགས་དྲིན་ཆེན་གྱི་བླ་མ།།

སྤྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཤིང་ཕོ་འབྲུག་ལོའི་ཧོར་ཟླ་དགུ་པར། ༸སྐྱབས་རྗེ་རིན་པོ་ཆེའི་སྐུ་མདུན་གནམ་ཆོས་བཀའ་དབང་ཞུས་བའི་ཉིན་ཐོག་མའི་གཏང་རག་གི་དོད་དུ་མེ་དྷཱིར་འབོད་པས། སྔ་འགྱུར་མཐོ་སློབ་ཆེན་མོ་སྟེ་མ་ཡུམ་སློབ་གླིང་དུ་སྦྱར་བའོ།།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།