མོས་པའི་བསྟོད་པ།
བསོད་ནམས་འོད་ཟེར། (སྔ་འགྱུར་མཐོ་སློབ་ཆེན་མོ།)
ངེས་འབྱུང་ཚུལ་ཁྲིམས་གཙང་མའི་ས་གཞི་ལ།།
ཐོས་བསམ་སྒོམ་པའི་ས་བོན་ལེགས་བཏབ་སྟེ།།
གཞན་ཕན་བྱང་སེམས་སྙིང་པོའི་ཉམས་ལེན་གྱིས།།
ཡིད་འཕྲོག་ཤེལ་གྱི་གཞལ་ཡས་ཁང་བཟང་ནས།།
རྫོགས་ཆེན་ལྟ་བའི་ཆོས་ཀྱི་སྦྲང་ཆར་གྱིས།།
སྐལ་ལྡན་བུང་བའི་ཞིང་ས་གཤིན་པོ་ལ།།
སྐུ་གསུམ་ལྗོན་པའི་ས་བོན་བརླན་པར་བྱས།།
དེང་གི་འདུ་འཛི་ཆེན་པོའི་གཡུལ་ས་ནས།།
ཞི་གནས་གོ་ཆ་བརྟན་པོའི་བསམ་གཏན་གྱིས།
རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་བའི།།
འོད་གསལ་རྡོ་རྗེ་ཐེག་པའི་བསྟན་པ་སྐྱོང་།།
ཡོན་ཏན་ནོར་གྱིས་ལྕི་བའི་བླ་མ་ལ།།
རྡོ་རྗེ་མཆེད་གྲོགས་ཡོངས་ཀྱིས་མགྲིན་གཅིག་ཏུ།།
བསྟོད་དབྱངས་ལྷ་མོའི་གླིང་བུ་འབུད་པ་འདི།།
གང་གི་བཀའ་དྲིན་མཚོན་པའི་ཆེད་དུ་ཕུལ།།
ཁྱེད་ཀྱི་གནའ་དེང་ཡོན་ཏན་ལྷ་ལམ་ནི།།
བློ་དམན་བདག་འདྲས་གཞལ་བའི་ཡུལ་མིན་ཡང་།།
དད་མོས་མིག་ལ་གང་ཤར་ཅུང་ཟད་ཙམ།།
སྨྲས་པ་འདི་ཉིད་བསོད་ནམས་རྒྱུ་རུ་བསྔོ།།
རོང་ཟོམ་པཎྜི་ཏ་ཆོས་ཀྱི་བཟང་པོས་མཛད་པའི་ཐེག་ཆེན་ཚུལ་འཇུག་དང་། ཀུན་མཁྱེན་ཀློང་ཆེན་པས་མཛད་པའི་སེམས་ཉིད་ངལ་གསོ་དང་། ཀུན་མཁྱེན་འཇིག་མེད་གླིང་པས་མཛད་པའི་བསྐྱེད་རིམ་ལྷ་ཁྲིད་དང་། དཔལ་སྤྲུལ་སེམས་དཔའ་ཆེན་པོས་མཛད་པའི་སྲོག་སྡོམ་གཟེར་བཞི་བཅས། འདི་དག་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་བདག་གི་དགེ་བའི་བཤེས་གཉེན་ཆེན་མོ། མཁན་པོ་གར་དབང་མཆོག་གི་མདུན་ནས་ཞུ་རྒྱུའི་སྐལ་བཟང་ཐོབ་སྟེ། དཔེ་ཁྲིད་མཐའ་ལེགས་པར་གྲུབ་སོང་བས། བསྟོད་རྩོམ་ཐུང་ངུ་འདི་ཉིད་མེ་ཏོག་ཆུང་ཡང་མཆོད་པའི་རྫས་གསུངས་པ་ལྟར། མཆོད་པའི་ཚུལ་དུ་བླ་མར་ཕུལ་ལོ།།🙏
བཤེས་གཉེན་བསྟོད་པ་ཉི་གཞོན་འཆར་ཀ་མ།
བསྟན་འཛིན་ལེགས་གྲུབ། (སྔ་འགྱུར་མཐོ་སློབ་ཆེན་མོ།)
ལུས་ལ་གོས་ཆེན་གསེར་གྱི་ལྭ་བ་མེད།།
ངག་ལ་གཏམ་ཆེན་ཚིག་བཀྲའི་ལྦུ་བ་དབེན།།
ཡིད་ལ་གྲགས་ཆེན་རེ་བ་རིང་ནས་དོར།།
ཆེན་པོ་གསུམ་གྱིས་ཕོངས་པ་ཁྱེད་ལ་འདུད།།
རང་མཁས་རང་མཐོ་སྙམ་པའི་སྤོབས་པ་མེད།།
རྙེད་བཀུར་ལམ་ཆེན་སྒྲུབ་པའི་རིགས་ནུས་མེད།།
ཉེ་རིང་ཡ་བཟུང་སྐྱོང་བའི་སྙིང་སྟོབས་མེད།།
མེད་པ་གསུམ་ལྡན་ཁྱེད་ལ་ཡིད་སྨོན་ཤོར།།
འདུ་འཛིའི་གྲོང་ཁྱེར་བསྒོམས་པ་ཡུན་རིང་ཡང་།།
ལྷ་མཐོང་འདྲེ་མཐོང་མངོན་ཤེས་ཁྱེད་མ་ཐོབ།།
བསླབ་པ་ནོར་འཚོང་ཙམ་ཡང་ཁྱེད་མི་ཐུབ།།
ཁྱེད་ཀྱི་གྲུབ་རྟགས་འདི་ལ་སུ་མི་མཚར།།
གཞུང་དོན་འགྲེལ་ཚེ་ཚིག་གི་ལོ་མ་མེད།།
གཞུང་གནད་སྡོམ་ཚེ་ཟིང་པའི་སྐྲ་ལོ་མེད།།
གཞུང་བསྒྲིགས་བྱེད་ཚེ་ལག་རྗེས་རྐང་བསུབ་མེད།།
མེད་ལམ་གསུམ་ནས་གོ་བ་སྤྲོད་སྟངས་འཕགས།།
མདོར་ན་ཕྱི་ཚུལ་མཁན་ཆེན་ཞི་བ་འཚོ།།
ནང་གི་རྣལ་འབྱོར་སློབ་དཔོན་པདྨ་འབྱུང་།།
གསང་བའི་མཛད་པ་སྲོང་བཙན་སྒམ་པོ་སྟེ།།
མེས་དབོན་རྣམ་གསུམ་ཁྱེད་ཉིད་ཁྱེད་ལ་བསྟོད།།
ཁྱེད་ཀྱི་མཁྱེན་པ་རབ་ཡངས་ཕ་མཐའ་ལ།།
འགྲན་འདོད་ནམ་མཁའ་འདྲ་བའི་སེམས་མེད་ཀྱང་།།
འོན་ཏེ་གང་གི་ཐུགས་རྗེའི་ལྕགས་ཀྱུ་འོག།
རྨོངས་རྒན་བདག་ཀྱང་རྗེས་སུ་ཟིན་པར་སྨོན།།
ཞེས་པ་འདི། སྤྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་པ་ ༡༥ ཉིན། མཁན་པོ་གང་གི་སྐུ་མདུན་ནས་ལོ་རིམ་དགུ་པའི་དཔེ་ཁྲིད་ཡོངས་རྫོགས་ལེགས་པར་མཐའ་གྲུབ་པའི་བརྗེད་བྱང་ངམ་ཉིན་ཐོའི་ཚུལ་དུ། སྣང་བ་གང་དྲན་ཡི་གེར་བཀོད་པ་པོ་བསྟན་འཛིན་ལེགས་གྲུབ་ནས།



No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།