རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Monday, 18 November 2024

གཏང་རག་གི་སྤྲིས་གོར།

༈ ངེས་པ་དོན་གྱི་གྲུབ་དབང་འདན་མ་གྲུབ་ཆེན་སྐུ་ཕྲེང་བཅུ་པ་༸སྐྱབས་རྗེ་སངས་རྒྱས་མཉན་པ་རིན་པོ་ཆེ་རྗེ་བཙུན་དཔལ་ལྡན་རང་བྱུང་འཕྲིན་ལས་ཀུན་ཁྱབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་འཁྲུངས་སྐར་ལ་ཕུལ་བ།
 བེ་རི་རྒྱལ་སྲས།


གང་ཁྱེད་མཚན་གྱི་ག་བུར་ཐིགས།།
རྣ་བའི་བུ་གར་ལྷུང་ཙམ་གྱིས།།
འཆི་མེད་ཚེ་ཡི་དངོས་གྲུབ་ཆར།།
འདོད་དགུར་འཇོ་དེས་སྐྱོང་གྱུར་ཅིག།།

ཕྱོགས་བཞིའི་དབུགས་མ་ཕྱིན་པ་དག།།
དུག་གསུམ་གདོན་གྱིས་བརླམས་གྱུར་ནས།།
དོན་གཉིས་མིག་རས་ཀུན་ལྡོངས་པ།།
སྐྱབས་གཅིག་བླ་མས་གཟུང་དུ་གསོལ།།

ཆུང་ནས་རིག་པའི་མྱོས་ཆུ་ཡིས།།
སྙེམས་པའི་མགོ་འཕང་ཧྲེང་གྱུར་ཀྱང་།།
གང་ཁྱེད་གསུང་གི་ཟེགས་མ་རེས།།
ཁྱེད་ཞབས་མགོ་བོ་དུད་པར་གྱུར།།

བདག་ནི་མི་གཟུགས་འཆང་མོད་ཀྱང་།།
ཀུན་ཏུ་འཕྱན་པས་ཆུད་དུ་ཟན།།
ད་ནི་ཁྱེད་རྗེས་སྙེག་པ་ཡིས།།
དལ་བ་འདི་ནི་དོན་ཡོད་གྱུར།།

ཟབ་གསལ་མྱུར་བའི་ནུས་རྩལ་ཀུན་རྫོགས་མཁྱེན་རབ་དཔལ་གྱི་ཤེད་མོང་གིས།།
མཐུན་དང་ཐུན་མིན་རབ་འབྱམས་གཞུང་ལུགས་འཕྲོག་བྱེད་ཇི་བཞིན་བདག་གིར་བཞེས།།
སྲིད་ལ་འཆེར་བ་རྩད་ནས་སྤངས་ཀྱང་འགྲོ་ལ་ལྷག་པར་རྗེས་ཆགས་པའི།།
དམིགས་མེད་ཐུགས་རྗེའི་འོད་ཞགས་དཀར་པོས་ཀུན་ནས་འཆིང་ལ་ཕྱག་འཚལ་ལོ།། 

དཔལ་དང་འབྱོར་པས་རབ་ཏུ་དབུལ་བས་རྒྱུ་དང་ནོར་གྱིས་བསྙེན་ལ་རིངས།།
ཚིག་དང་སྦྱོར་བ་ཅུང་ཙམ་ཤེས་པས་སྙན་དངགས་དབྱངས་ཀྱི་མཆོད་སྤྲིན་བསྟར།།
ཉམས་དང་རྟོགས་པས་རབ་ཏུ་ཕོངས་པས་སྒྲུབ་པའི་མཉེས་པ་བྲལ་ན་ཡང་།།
འཆད་རྩོད་རྩོམ་གསུམ་ནོར་བུའི་ཟོལ་གྱིས་དང་བས་བཏེགས་ཀྱིས་བཞེས་སུ་གསོལ།།

དངོས་འཛིན་འབྱུང་པོས་ཉེ་བར་སྤྲུལ་བའི་ཕྲ་རྒྱས་བཅུ་ཕྲག་ཟུང་དག་གིས།།
སྡོམ་གསུམ་དང་འགལ་ཉེས་པ་སྤྱི་དང་ལྷག་པར་ངན་འགྲོའི་མཐིལ་རྣམས་སུ།།
ངེས་པར་ལྟུང་བའི་ཁ་ན་མ་ཐོ་མཚམས་མེད་ལྔ་སོགས་སྡིག་སྒྲིབ་ཀུན།།
བགྱིས་དང་བགྱིད་སྩལ་བགྱིས་ལ་ཡི་རངས་ཐམས་ཅད་འགྱོད་པས་བཤགས་བགྱིའོ།།

མཁས་པའི་མགོ་བོར་སྐྱིལ་ཀྲུང་བཅས་ཀྱང་འགྲོ་ཀུན་སྤྱི་བོའི་གཙུག་ཏུ་བཏེགས།།
གྲགས་པའི་ལྷོ་ཡི་དྲི་འཛིན་གཡོས་ཀྱང་སྙེམས་པའི་ཀུན་རྟོག་ཡོངས་སུ་བཏང་།།
སྙིགས་ལྔ་བདོ་བའི་དུས་མཐའ་འདིར་ཡང་དུས་གསུམ་སངས་རྒྱས་འདུས་པའི་མགོན།།
མཉན་པའི་ཚུལ་གྱིས་འདྲེན་མཛད་ཁྱེད་ལ་ཡི་རངས་སོར་བཅུ་སྙིང་ཁར་ཟུམ།།

འདི་སྣང་སྲེད་པའི་འདུ་འཛི་གཡོ་བས་ཆགས་སྡང་རེས་ཀྱིས་ཀུན་ཏུ་གདུང་།།
ཐམས་ཅད་དུ་ཁའི་ཆོ་ངེ་སྒྲོག་ཀྱང་སྨག་རུམ་གཏིང་དུ་བྱིང་དག་ལ།།
ཐུགས་བརྩེའི་ཕྱག་ཟུང་གཞར་ཡང་མ་ལྷོད་ཟབ་གསལ་ཚངས་པའི་གསུང་དབྱངས་ནི།།
གང་གི་ཐོས་འཛིན་བུ་གར་ལྷུང་ན་ཐམས་ཅད་དགའ་བདེའི་དཔལ་གྱིས་འཛུམ།།

སྐྱོབ་པ་ཕལ་གྱིས་རིང་ནས་བཏང་བའི་སྙིགས་མཐའི་འཇིག་རྟེན་ཁམས་འདི་ན།།
མགོན་པོ་ཁྱེད་ཉིད་གཞན་དུ་གཤེགས་ན་སྐྱེ་འགྲོ་འདི་དག་སུ་ཡིས་སྐྱོང་།།
ལས་འབྲས་ཐོགས་པའི་བུ་སློབ་བདག་ཅག་ལྷག་པར་ཐུགས་བརྩེས་མ་བོར་བར།།
ལྷམ་མེར་ལྷང་ངེར་ལྷན་ནེར་བཞུགས་པའི་གསོལ་འདེབས་ལྷ་དར་དགུང་ལ་འཕྱར།། 

མགོན་ཁྱེད་ཞབས་སེན་རེ་ཁ་ནི།།
གང་དང་གང་དུ་བཀོད་གྱུར་པ།།
བསོད་ནམས་ཞིང་དུ་བསྐྲུན་པ་ཡི།།
སྐྱེ་དགུའི་གཉེན་གཅིག་ཁྱེད་ལ་འདུད།།

ནོར་གྱིས་བཙན་ས་བཟུང་བའི་ཁོར་མོ་ཡུག།
ཆོས་གཟུགས་ཕལ་ཆེར་འབྱོར་པའི་བྲན་དུ་གྱུར།།
འདི་སྐབས་ཁྱེད་ཀྱི་མཛད་པ་རེ་རེ་ནི།།
གོལ་ས་འབྱེད་པའི་ལམ་སྟོན་སྒྲོན་མེར་གྱུར།། 

ཟག་མེད་ཐུགས་ཀྱི་མཁྱེན་བརྩེ་ནུས་གསུམ་དག།
སེའུ་བཅུ་པའི་སྤྱོད་ཡུལ་མ་ལགས་ཀྱང་།།
ཆུ་བུར་མིག་གིས་མཇལ་བའི་རྣམ་པར་ཐར།།
འདི་ནི་བདག་ལ་ཐར་པའི་ལམ་རིམ་གྱུར།།

མཁས་དང་གྲགས་པའི་ཅོད་པཎ་གྱིས།།
དབུ་འཕང་ལྕི་བའི་ཚོགས་མང་ཡང་།།
སྒྲུབ་པའི་རྒྱན་གྱིས་རབ་སྤུད་པའི།།
ཁྱེད་ནི་བདག་གི་ལམ་མཁན་གྱུར།།

གང་གི་ཡོན་ཏན་རོ་ལ་སྲེད་གྱུར་པས།།
བདག་ནི་ཞྭ་སེར་འཆང་བའི་ཆོས་ར་ནས།།
གང་ཁྱེད་མཛད་པའི་ཚུལ་རྣམས་མཇལ་བའི་མོད།།
དད་པའི་ལྗིད་ཀྱིས་མི་དུད་རང་དབང་ཅི།།

རིང་ནས་ཁྱེད་རྗེས་སྙེག་པའི་འདུན་པ་ཡིས།།
ད་ནི་གསེར་ཞལ་མཇལ་ཞིང་གསུང་དབྱངས་ཐོས།།
དད་གུས་སྤྲོ་བའི་མེ་རླབས་འཕྱུར་བ་འདིས།།
སྒྲིབ་གཉིས་མུན་པ་སྟུག་པོ་སེལ་གྱུར་ཅིག།།

སྐུ་ཚེ་རྡོ་རྗེའི་ཁམས་སུ་བརྟན་པར་ཤོག།
གསུང་དབྱངས་རྡོ་རྗེའི་གདངས་སུ་བརྟན་པར་ཤོག།
ཐུགས་ནི་རྡོ་རྗེའི་དབྱིངས་སུ་བརྟན་པར་ཤོག།
གསང་གསུམ་རྡོ་རྗེའི་ངོ་བོར་བརྟན་པར་ཤོག།

ཅེས་གཏང་རག་གི་སྤྲིས་གོར་འདི་ནི། རི་བོ་དགེ་ལྡན་པའི་གདན་ས་གསུམ་གྱི་ཡ་གྱལ། དཔལ་ལྡན་འབྲས་དཀར་སྤུངས་པའི་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི། དགེ་བཤེས་རྡོ་རམས་པའི་མིང་རྟགས་འཆང་བ། བེ་རི་བློ་བཟང་བསྟན་འཛིན་དཔལ་ལྡན་རྣམ་པར་རྒྱལ་བའི་སྡེའམ། མིང་གཞན་བེ་རི་རྒྱལ་སྲས་སུ་འབོད་པ་གང་དེས། བོད་རྒྱལ་ལོ་ ༢༡༥༡ ཤིང་འབྲུག་ལོ། ༢༠༢༤ ལོའི་ཟླ་བ་༡༡ པའི་ཚེས་ ༡༩ རེས་གཟའ་མིག་དམར་ཉིན། བལ་ཡུལ་འཕགས་ཤིང་བན་ཆེན་དགོན་ཕུན་ཚོགས་དར་རྒྱས་གླིང་དུ། གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་ཆེས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལྗགས་ལུང་སྩོལ་བའི་ཆོས་ར་ནས། དད་པས་སྦྱར་བ་དགེ་ལེགས་འཕེལ།



No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།