རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Saturday, 30 November 2024

སྙིང་གཏམ་སྙིང་ཉེ་མ།

རྫོང་སར་འཇམ་དབྱངས་མཁྱེན་བརྩེ།


ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།།

སྟོན་དང་དམ་ཆོས་འཕགས་པའི་དགེ་འདུན་ལ། །
དད་ལོག་བླ་བཙགས་ཤིག་ལས་གཞན་མེད་པའི། །
མི་སེམས་གདོན་གྱིས་བཟུང་བའི་དུས་འདི་ལ། །
བསླུ་མེད་པད་འབྱུང་མ་བརྗེད་སྙིང་གཏམ་ཡིན། ། 

ལྷ་ཆོས་མི་ཆོས་འགྲོ་འདུག་ཟ་ཉལ་ཀུན། ། 
གཞན་དབང་གྱུར་ནས་རང་སེམས་མི་དབང་བའི། །
མི་སེམས་གདོན་གྱིས་བཟུང་བའི་དུས་འདི་ལ། །
བསླུ་མེད་པད་འབྱུང་མ་བརྗེད་སྙིང་གཏམ་ཡིན། །
 
འདི་སྒྲུབ་དེ་བསྒྲུབ་ཟེར་ནས་བཤད་མཁན་མང་། །
དོན་ལ་ལེགས་འགྲུབ་བྱུང་བ་ཉིན་སྐར་ཙམ། །
མི་སེམས་གདོན་གྱིས་བཟུང་བའི་དུས་འདི་ལ། །
བསླུ་མེད་པད་འབྱུང་མ་བརྗེད་སྙིང་གཏམ་ཡིན། ། 

ཁ་ནས་སྤྱི་དོན་གླེང་མི་བརྒྱ་སྟོང་ཁྲི། །
དོན་ལ་རང་དོན་འབའ་ཞིག་མ་གཏོགས་དཀོན། །
མི་སེམས་གདོན་གྱིས་བཟུང་བའི་དུས་འདི་ལ། །
བསླུ་མེད་པད་འབྱུང་མ་བརྗེད་སྙིང་གཏམ་ཡིན། ། 

ཆོས་ལ་ཁ་གཡར་ཁ་རྒྱབ་གསོ་མཁན་དང་། །
དམངས་ལ་མིང་གཡར་ལྟོ་ཆས་སྒྲུབ་མཁན་མོད། །
མི་སེམས་གདོན་གྱིས་བཟུང་བའི་དུས་འདི་ལ། །
བསླུ་མེད་པད་འབྱུང་མ་བརྗེད་སྙིང་གཏམ་ཡིན། ། 

འདྲེ་མིན་འདྲེ་ཡང་མི་རུ་བརྗེས་པའི་དུས། །
ལྷ་མིན་ལྷ་འདྲ་འཁྲབ་སྟོན་བྱེད་པའི་དུས། །
མི་སེམས་གདོན་གྱིས་བཟུང་བའི་དུས་འདི་ལ། །
བསླུ་མེད་པད་འབྱུང་མ་བརྗེད་སྙིང་གཏམ་ཡིན། ། 

གཉེན་ལ་དགྲ་བལྟ་དགྲ་ལ་གྲོགས་སུ་བལྟ། ། 
བརྫུན་ལ་བདེན་སྣང་བདེན་ལ་ལོག་པར་སྣང་། །
མི་སེམས་གདོན་གྱིས་བཟུང་བའི་དུས་འདི་ལ། །
བསླུ་མེད་པད་འབྱུང་མ་བརྗེད་སྙིང་གཏམ་ཡིན། ། 

སྐྱིད་ན་སྡུག་སྣང་སྡུག་ན་སྐྱིད་པར་བརློམས། །
བཟང་ལན་ངན་འཇལ་ངན་ལན་ངོ་འཇོ་བྱེད། །
མི་སེམས་གདོན་གྱིས་བཟུང་བའི་དུས་འདི་ལ། །
བསླུ་མེད་པད་འབྱུང་མ་བརྗེད་སྙིང་གཏམ་ཡིན། ། 

བླ་མ་དགྲར་གྱུར་དགེ་འདུན་དབྱེན་གྱིས་དཀྲུགས། །
སྙིང་པོའི་ཆོས་དོར་བཀའ་ལུང་ལོག་འགྲེལ་བྱེད། །
མི་སེམས་གདོན་གྱིས་བཟུང་བའི་དུས་འདི་ལ། །
བསླུ་མེད་པད་འབྱུང་མ་བརྗེད་སྙིང་གཏམ་ཡིན། །

ལུང་གི་ཆོས་ལ་འཆད་ཉན་བྱེད་པ་ནི། །
ལོ་མཇུག་རྒྱུཊ་འབྲས་གཞན་ལས་ཀུན་སློང་དཀོན། ། 
མི་སེམས་གདོན་གྱིས་བཟུང་བའི་དུས་འདི་ལ། །
བསླུ་མེད་པད་འབྱུང་མ་བརྗེད་སྙིང་གཏམ་ཡིན། ། 

རྟོགས་པའི་ཆོས་ལ་ཉམས་ལེན་གནང་བ་ཡང་། ། 
སྙན་དང་གྲགས་པར་རེ་བ་འདུན་མ་ལོག །
མི་སེམས་གདོན་གྱིས་བཟུང་བའི་དུས་འདི་ལ། །
བསླུ་མེད་པད་འབྱུང་མ་བརྗེད་སྙིང་གཏམ་ཡིན། ། 

 ཞེས་པ་འདི་ནི་མཁྱེན་མིང་པས་གྲོགས་པོ་བཀྲ་ཤིས་ལ་ཁ་མཚར་གྱི་ཚུལ་དུ་སྨྲས་པའི་རྗེས་སུ་ངག་དབང་འཇམ་དབྱངས་བཞད་པའི་རང་མདངས་སུ་འབོད་པས་ཡི་གེར་བཀོད་པའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།