རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 8 April 2020

ང་ཚོ་ཚང་མས་ཤེས་དགོས་པའི་ཚེ་ཚད་ཇེ་རིང་དུ་གཏོང་ཐབས་ཉི་ཤུ་ཐམ་པ།



གཅིག གཞས་གཏོང་བ།  
ཨ་རིའི་རྒན་རྒོན་ཞིབ་འཇུག་ལྟེ་གནས་ཀྱིས་ཞིབ་འཇུག་ལས་ཤེས་རྟོགས་བྱུང་བར་ལྟར་ན། གླུ་གཞས་ལ་མཁས་པའི་སྙིང་ཁམས་ནུས་པ་མི་དཀྱུས་མ་ལས་འཕར་ཤུགས་ཆེ་བར་ཡོད་པ་དང་། གླུ་བཏང་ན་ཚེ་རིང་དུ་འགྲོ་གིན་ཡོད་ཚུལ་ཤེས། 

གཉིས། རྒྱུག་ཤར་གློད་པ།   
ཨ་རིའི་ཉིའུ་ཡོག་དུས་དེབ་ནང་བཀོད་པ་ལྟར་ན། ཉིན་ལྟར་རྒྱུག་ཤར་གློད་པའི་གོམས་གཤིས་ཡོད་མཁན་གྱི་མིའི་ཚེ་ལོ་གསུམ་གྱིས་རིང་དུ་འགྲོ་གིན་ཡོད་པ་དང་། ཉིན་ལྟར་སྐར་མ་ལྔ་རྒྱུག་ཤར་གློད་པའི་གོམས་གཤིས་རྒྱུན་འཁྱོངས་ཐུབ་ཚེ་གཟུགས་གཞི་བདེ་ཐང་ཡོང་ཐུབ། ​

Monday, 6 April 2020

ཐོན་ལ་ཉེ་བའི་དེབ་གསར་གསལ་བརྡ།

སྔ་འགྱུར་རིག་མཛོད་རྩོམ་སྒྲིག་གི་ངོ་དེབ་དྲྭ་བ་ལས་བཤུས།

༈ རྒྱ་ཆེའི་གཟིགས་པ་པོ་ཡོངས་ལ་ཆེད་དུ་ཞུ་རྒྱུར།

       
འདི་ག་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་འདི་ནས་བསླབ་པ་མཐར་སོན་པའི་མཁན་སློབ་དགེ་བའི་བཤེས་གཉེན་བརྒྱ་ཕྲག་ལྔ་ལྷག ལོ་རེར་མཐོ་སློབ་ཆེན་མོ་འདིས་གཙོས་པའི་འཛམ་གླིང་གི་ཡུལ་གྲུ་གང་སར་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་སྤེལ་མུས་སུ་ལགས་ཤིང་། ཁོང་རྣམ་པའི་བཤད་པའི་ཁྲིད་དང་ལུང་གི་བརྒྱུད་པ་དེ་འདི་གའི་མཐོ་སློབ་ཆེན་མོའི་རྩ་བ་དང་ཡན་ལག་གི་སློབ་ཚན་མདོ་སྔགས་རིག་གནས་དང་བཅས་པའི་ཁྲིད་དང་ལུང་གི་བརྒྱུད་ཚུལ་ལ་རག་ལས་པས། དེ་ཡང་ཕུགས་དེད་ན་ཆུ་འགོ་གངས་ལ་ཐུག་པ་ལྟར་གཙོ་བོ་མཁན་ཆེན་རྣམ་གསུམ་ལ་ཐུག་གི་ཡོད་སྟབས། ད་ལྟ་མཁན་ཆེན་རྣམ་གསུམ་དངོས་སུ་ཞལ་བཞུགས་པའི་གོ་སྐབས་བཟང་པོ་འདི་དང་བསྟུན་ནས། ང་ཚོས་སྤྱིར་སངས་རྒྱས་ཀྱི་བསྟན་པ། ཡང་སྒོས་གསང་ཆེན་སྔ་འགྱུར་རྙིང་མ་བ་དང་། ཁྱད་པར་དུ་མཐོ་སློབ་ཆེན་མོའི་དགེ་སློབ་ཡོངས་ལ་དམིགས་ནས། མཐོ་སློབ་འདིའི་མདོ་སྔགས་རིག་གནས་དང་བཅས་པའི་ཁྲིད་དང་ལུང་གི་བརྒྱུད་ཚུལ་ཞིག་ཁ་གསལ་དགོས་ངེས་ཆེ་བར་མཐོང་ནས། འདི་ལོའི་དགུན་ཁའི་གུང་གསེང་དང་སྟབས་བསྟུན་ནས་«སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་རྩ་བ་དང་ཡན་ལག་གི་སློབ་ཚན་རྣམས་ཀྱི་ཁྲིད་དང་ལུང་གི་རྒྱུན་མཁན་ཆེན་རྣམ་གསུམ་བར་ཇི་ལྟར་བརྒྱུད་ཚུལ་འདོད་འབྱུང་ནོར་བུའི་ཕྲེང་བ།»ཞེས་པའི་དཔེ་དེབ་འདི་ཉིད་རྩོམ་སྒྲིག་ཞུས་པ་ལགས་ན། རྒྱ་ཆེའི་གཟིགས་པ་པོ་ཡོངས་ཀྱི་སྤྱན་སྔར་མི་རིང་བར་ཐོན་ལ་ཉེ་བས་དགྱེས་གཟིགས་གནང་ཆོག 

སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་ནས། སྤྱི་ལོ་ ༢༠༢༠ ཟླ་བ་ ༠༤ ཚེས་ ༠༦ ཉིན།



Wednesday, 1 April 2020

ཏུན་ཧོང་ཡིག་ཚགས་ P.T.996 པ་དང་འབྲེལ་ཏེ་གནུབས་ནམ་མཁའི་སྙིང་པོའི་ལོ་རྒྱུས་ལ་གསར་དུ་དཔྱད་པ།



འཇམ་རྐང་གསང་བདག་ཚེ་རིང་།

ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་ཏུན་ཧོང་ཡིག་ཚགས་ P.T.996 པར་བྱུང་བའི་མཁན་པོ་ནམ་མཁའི་སྙིང་པོའི་ལོ་རྒྱུས་གཙོ་གནད་དུ་བཟུང་སྟེ། ཕྱིས་བྱུང་ཆོས་འབྱུང་དེབ་ཐེར་ལས་བྱུང་བའི་གནུབས་ནམ་མཁའི་སྙིང་པོ་དང་ཕན་ཚུན་ཞིབ་བསྡུར་བྱས་པ་བརྒྱུད། དེ་གཉིས་གང་ཟག་གཅིག་ཡིན་ཚུལ་གྱི་སྡོམ་ཚིག་བཞག་ཡོད་ལ། ཞོར་དུ་བོད་བཙན་པོའི་དུས་སྐབས་ཀྱི་གནུབས་ཀྱི་རུས་རྒྱུད་ལས་འཁྲུངས་པའི་སྐྱེས་ཆེན་སྐོར་ཞིག་ངོ་སྤྲོད་བྱས་པ་དང་སྦྲགས། གནུབས་ཀྱི་རུས་རྒྱུད་དེ་མདོ་སྨད་ཙོང་ཁ་དང་ཁྲི་ཀའི་རྒྱུད་དུ་ཇི་ལྟར་དར་ཚུལ་སྐོར་ལ་དཔྱད་ཡོད།
བརྡ་ཆད་གཙོ་བོ། P.T.996 གནུབས་ནམ་མཁའི་སྙིང་པོ། ཙོང་ཁ། ཁྲི་ཀ 

གླེང་གཞི།
གནུབས་ནམ་མཁའི་སྙིང་པོ་ནི་བོད་བཙན་པོའི་རྒྱལ་རབས་དུས་མཇུག་སྐབས་ཀྱི་ཆོས་ཕྱོགས་ཀྱི་མི་སྣ་གལ་ཆེན་ཞིག་ཡིན་ལ། བོད་དར་བསམ་གཏན་ཆོས་ལུགས་དང་ལྷག་པར་དུ་མདོ་སྨད་ཕྱོགས་ཀྱི་ཆོས་སྲིད་གནས་བབ་ཁྲོད་གོ་གནས་ངེས་ཅན་ཞིག་བཟུང་ཡོད། ཁོང་གི་ལོ་རྒྱུས་དང་མཛད་འཕྲིན་མདོར་བསྡུས་ཤིག་ཏུན་ཧོང་ཡིག་ཚགས་ P.T.996 པར་བྱུང་ཡོད་པར་མ་ཟད། ཕྱིས་བྱུང་ཆོས་འབྱུང་དང་དེབ་ཐེར་ཁག་གི་ཁྲོད་དུའང་ཉུང་ཙམ་རེ་བྱུང་འདུག་ལ། དེའི་སྐོར་གྱི་དཔྱད་འབྲས་ཀྱང་རེ་གཉིས་ཙམ་འདུག ཡིན་ནའང་བརྗོད་ལུགས་དེ་དག་ཕན་ཚུན་བསྡུར་ཅིང་དཔྱད་ན། ཁ་མི་མཐུན་ས་དང་འཐུས་མི་ཚང་ས་སོགས་མང་བས། ཁུངས་བཙུན་གྱི་ཡིག་ཚང་ལ་རྒྱབ་བརྟེན་ཅིང་ཡུལ་དངོས་རྟོག་ཞིབ་ཀྱི་ཐབས་སྤྱད་ནས། ཕན་ཚུན་གཤིབ་བསྡུར་གྱི་ཚུལ་གྱིས་ལོ་རྒྱུས་གུང་བསྒྲིགས་ཏེ་ཕྱོགས་ཡོངས་ནས་གནུབས་ནམ་མཁའི་སྙིང་པོར་ཞིབ་འཇུག་བྱ་རྒྱུ་ནི་རིན་ཐང་ཆེ་བར་འདོད།

Thursday, 19 March 2020

དཔེ་ཀློག་དང་ཁ་པར་རྩེ་བ།

མ་གསང་དྲང་མོར་སྨྲས་པའི་སེམས་ཚོར་ངོས་གཉིས་མ།

རྩོམ་པ་པོ། ཚྭ་ནག་གདུང་སེལ།

 དཔེ་ཆ་ཀློག་པ། 
དེ་རིང་གི་ངལ་གསོར་ང་རང་གིས་རང་ཤག་ཏུ་དཔེ་ཆ་རེ་ཀློག་ཁུལ་གྱིས་འདུག་ཡོད། ངས་འདི་ལྟར་བསམ། ཁྱོད་ཀྱིས་ཐོག་མར་དཔེ་ཆ་ཀློག་པའི་དགོས་པ་དང་དགེ་མཚན་མང་པོ་ཞིག་མ་ཤེས་ཀྱང་མི་སྐྱོན། གདམ་གསེས་མ་ནོར་བར་རིན་ཐང་ལྡན་པའི་དཔེ་ཆ་མང་པོ་རེ་རང་ནུས་ཅི་ལྕོགས་ཀྱིས་ཀློགས་དང་། ཉི་མ་ཞིག་ལ་ཁྱོད་རང་གིས་དཔེ་ཆ་ཀློག་པའི་དགོས་པ་དང་དགེ་མཚན་མང་པོ་ཞིག་བཤད་ཐུབ་པའི་ངག་སྒོ་ངང་གིས་གྲོལ་ཡོང་། དེ་དུས་ཁྱོད་རང་གིས་གནས་ལུགས་མང་པོ་ཞིག་རྟོགས་ཡོང་ལ་དཔེ་ཆ་ལ་འབྲལ་མི་འདོད་པའི་བརྩེ་སེམས་ཤིག་ཀྱང་ཤུགས་ཀྱིས་རྒྱུད་ལ་འཁྲུངས། ཁྱོད་རང་གིས་དཔེ་ཆ་མང་དུ་ཀློགས་དང་སེམས་ལ་སྤྲོ་སྣང་ཞིག་འཕེལ་མི་ཡོང་ངམ། དོན་ཆེ་བའི་བྱ་བཞག་ཅིག་འགྲུབ་སོང་སྙམ་པའི་སེམས་ཚོར་སྐྱིད་པོ་ཞིག་མི་འདུག་གམ། དཔེ་ཆ་མང་དུ་བཀླགས་པའི་ངལ་བ་ནི་བདེ་སྐྱིད་ཅིག་ཡིན།

Thursday, 9 January 2020

མཚན་བྱང་གི་ངོ་སྤྲོད་མདོར་བསྡུས།


དེ་ཡང་མཚན་བྱང་ཞེས་པ་འདི་ནི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། བདག་ཉིད་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས༔ ཧཱུྃ་ལས་འོད་འཕྲོས་ཚེ་འདས་རྣམ་ཤེས་དེ༔ རིགས་དྲུག་གང་ན་ཡོད་པའི་ས་དེ་ན༔ བདག་གི་འོད་ཀྱིས་རེག་མ་ཐག་ཏུ་ནི༔ རྣམ་ཤེས་ནྲྀཿདེ་ཨཱཿདཀར་གཅིག་ཏུ་གྱུར༔ མདུན་དུ་བཀུག་ནས་མཚན་བྱང་རྟེན་ལ་བསྟིམ༔ ཞེས་གསུངས་པ་ལྟར་ཚེ་འདས་བར་སྲིད་དང་རིགས་དྲུག་སོ་སོས་གནས་ནས་དཀོན་མཆོག་གི་བདེན་སྟོབས་དང་། རྣལ་འབྱོར་བའི་ཏིང་ངེ་འཛིན་སོགས་ཀྱི་མཐུས། དང་པོ་ཚེ་འདས་དེ་གཤེད་མ་དང་བྲལ་བ། གཉིས་པ་བར་སྲིད་དང་རིགས་དྲུག་གི་གནས་ནས་བཀུག  གསུམ་པ་རྟེན་ལ་བསྟིམ་པ། བཞི་པ་སྒྲིབ་སྦྱོང་དུག་ཁྲུས་བྱ་བ། ལྔ་པ་རྒྱུད་ལྔའི་ལྷ་ལ་སྐྱབས་འགྲོ་དང་། དྲུག་པ་དཀྱིལ་འཁོར་དུ་འཇུག་པ། བདུན་པ་དབང་བཞི་ཡོངས་རྫོགས་བསྐུར་བ། བརྒྱད་པ་ཞིང་དུ་སྨོན་ལམ་གདབ་པ། དགུ་པ་ནད་དང་སྒྲིབ་པ་སྦྱོང་བ། བཅུ་པ་ལམ་བསྟན་པ་དང་གནས་སྤར་བ་སོགས་ཚེ་འདས་ལ་ཕན་པའི་ཐབས་ཚུལ་བླ་ན་མེད་པའི་ཆོ་ག་རྒྱུད་སྡེ་དང་སྒྲུབ་སྡེ་དག་ན་མང་དུ་ཡོད་པའི་ཡ་ཀྱལ་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་གའི་སྒོ་ནས་ཚུལ་བཞིན་དུ་ལག་ལེན་བྱེད་འདོད་ན་ཐོག་མར་མེད་དུ་མི་རུང་བ་ནི་རྣམ་ཤེས་ཀྱི་རྟེན་མཚན་བྱང་འདི་ཡིན། སྤྱིར་མཚན་བྱང་འབྲི་ཐབས་དེ་ལའང་བཀའ་གཏེར་དུ་མ་ལས་བྱང་བའི་མི་འདྲ་བ་མང་དུ་མཆིས་ནའང་། འདིར་གཏེར་ཆེན་ཀརྨ་གླིང་པའི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལྟར་བྲིས་པ་ཡིན།

Thursday, 19 September 2019

ཟས་གོས་ཀྱི་དོན་དུ་སྲོག་བཅད་པའི་ཉམ་ཆུང་དུད་འགྲོ་རྣམས་ལ་སྟབས་གཅིག་ཏུ་འཕོ་བ་བྱ་ཚུལ།

༄༅། །ཉམ་ཆུང་དུད་འགྲོ་ཟས་གོས་ཀྱི་དོན་དུ་སྲོག་གཅོད་པ་རྣམས་ལ་སྟབས་གཅིག་ཏུ་འཕོ་བ་བྱ་ཚུལ་ནི། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ལ། ཚེ་འདས་དུད་འགྲོ་ཐམས་ཅད་ཀྱི་སེམས་དང་བསྲེས། རང་སེམས་བླ་མ་དང་དུས་གསུམ་རྒྱལ་བའི་ཐུགས་ལ་བསྲེས་ཏེ་ཡུན་རིང་དུ་མཉམ་པར་བཞག་པར་བྱ་སྟེ། ཉི་ཟླ་ཁ་སྦྱོར་ལས། རིག་པ་ཉིད་ནི་མིག་ལ་གཏད། །ཡུད་ཙམ་བར་སྣང་ལམ་དུ་བྱ། །དབྱིངས་དང་རིག་པ་མི་འགྱུར་བ། །མི་དེ་བར་དོ་མེད་པ་དང་། །འཚང་རྒྱ་བ་ལ་ཐེ་ཚོམ་མེད། །ཅེས་སོ། །དེ་ལྟར་དུད་འགྲོ་རྣམས་ཀྱིས་ཚེ་རབས་སུ་བསགས་པའི་སྡིག་སྒྲིབ་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་དག་པར་བྱས་ནས། དམིགས་པ་འདི་བཞིན་དུ་བསྒོམ་ཞིང་། ཚིག་ངག་ནས་དབྱངས་རྟ་ལ་དྲངས་ཏེ་བརྗོད་པར་བྱ་སྟེ། དབྱིངས་མཉམ་བཞག་ནམ་མཁའ་ལྟ་བུ་ཡི། །ངང་དེ་ལས་ལངས་པའི་རྗེས་ཐོབ་ཏུ། །ཉམ་ཆུང་བའི་དུད་འགྲོ་ཐམས་ཅད་ཀྱི། །རྣམ་ཤེས་ཀྱི་ངོ་བོ་རླུང་སེམས་ལས། །ལེགས་གྲུབ་པའི་སྒྱུ་ལུས་འོད་ཀྱི་སྐུ། །ལྷ་ཐུགས་རྗེ་ཆེན་པོ་རེ་རེར་གྱུར། །གསུང་པདྨ་བརྗོད་བཞིན་འུར་དིར་གྱིས། །བྱ་ཁྱུ་བརྒྱ་འུར་རྡོས་བདས་པ་ལྟར། །ཕཊ་བརྗོད་པས་ནུབ་ཕྱོགས་བདེ་བ་ཅན། །ཞིང་མཆོག་ཏུ་སྐད་ཅིག་སོང་བར་བསམ། །ཕཊཿ ཕཊཿ ཕཊཿ དེ་ནས་གཟུངས་སྔགས་མང་པོ་བརྗོད། ལྟུང་བཤགས་སོགས་བསྔོ་སྨོན་བྱའོ། །ཞེས་རྒྱུད་སྡེའི་དགོངས་པ་ལྟར་དང་ཁྱད་པར་སྐྱབས་མགོན་ཞབས་དཀར་པའི་རྣམ་ཐར་ལས་བྱུང་བ་ལྟར། རང་གི་ཐུགས་དམ་གྱི་ཆེད་དུ་བླ་མ་རྫོང་སྔོན་པ་པདྨ་མི་འགྱུར་ཐུགས་མཆོག་རྡོ་རྗེས་བྲིས་པ་དགེ་བར་གྱུར་ཅིག །སརྦ་མངྒ་ལཾ། 


སྔགས་མང་ཞིབ་འཇུག་ཁང་གི་འཕྲིན་སྟེགས་ལས་བཤུས།
19-07-27


Friday, 2 August 2019

སྐྱོར་སྦྱང་བྱེད་སྐབས་སུ་མེད་དུ་མི་རུང་བའི་གནད་དོན་དྲུག


རྩོམ་པ་པོ། ཆོས་རྗེ་དགོན་ཡོན་ཏན་འཛིན།

གཤིས་ལུགས་ཇི་ལྟར་མཁྱེན་པ་འཇམ་དབྱངས་ལྷ།།
གདམས་ངག་ཅི་དགར་གནང་བ་ཉི་མའི་མཚན།།
ལྟ་བ་མ་ནོར་ལམ་སྟོན་དངོས་གྲུབ་མཚན།།
གདམས་ངག་འཐུང་འདོད་བློ་ཡིད་ཚིམས་པར་ཤོག།

གཅིག  སློབ་ཁྲིད་ཉན་པའི་གནས་སྐབས་སུ་དགེ་རྒན་ལ་དད་གུས་མེད་པ། སློབ་ཁྲིད་ཉན་པའི་གནས་སྐབས་སུ་དགེ་རྒན་ལ་དད་གུས་མེད་ཚེ་སྐབས་ཀྱི་བརྗོད་བྱ་ལ་ལེགས་པར་ཉན་མི་འདོད་པར་ཆགས་འགྲོ། ལེགས་པར་མ་ཉན་ཚེ། སྐབས་ཀྱི་བརྗོད་བྱ་ལེགས་པར་ཤེས་པ་དང་ཁོང་དུ་ཆུད་པའི་རེ་བ་མེད། དེའི་ཕྱིར་སློབ་ཁྲིད་ལ་ཉན་སྐབས་དགེ་རྒན་ལ་དད་གུས་ལེགས་པོར་ཡོད་དགོས་པ་འདི་གནད་དམ་པའོ།།