རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Friday, 21 August 2020

སྙན་པའི་གླུ་དབྱངས།

རྩོམ་པ་པོ། དོལ་པོ་རྟ་རབ་པ་ཕུར་པ། (སྔ་འགྱུར་མཐོ་སློབ་ཆེན་མོ།)

 

རྣ་བའི་ལམ་དུ་གྲགས་པའི་གླུ་གཞས་ཐན་ཐུན།།

འགྱུར་ཁུགས་སྟོང་གིས་གྲུབ་པའི་སྒྱུ་རྩལ་ཡིན་འདུག།

ཉན་བཞིན་ཉན་བཞིན་དེ་ལ་སེམས་པ་བརླན་ན།།

མཛེས་པའི་གཟུགས་རིས་འདྲ་མིན་ཅི་ཡང་འཆར་འོང་།།

Thursday, 20 August 2020

མ་བཅོས་རང་བྱུང་གི་དྲན་པ་རྗེ་བཙུན་ཆེན་པོ་གུ་རུ་པདྨའི་མགུར་མ་ཞེས་བྱ་བ།

རྩོམ་པ་པོ། དོལ་པོ་ལྷོ་རི་བ་ཀརྨ་དབང་རྒྱལ།

࿑ ཨ་ཧོ།

གདོད་ནས་འབྲལ་མེད་གནས་ལུགས་དོན་གྱི་སྐུ།།

མ་འགག་རོལ་བའི་གསུང་དབྱངས་ལྷང་ངེ་བ།།

ཆོས་ཉིད་དྲན་པ་རིག་སྟོང་རྒྱ་མཚོའི་ནང་།།

རང་བྱུང་ལྷུན་གྲུབ་པདྨ་རྒྱལ་པོ་འཁྲུངས།།

Tuesday, 18 August 2020

འབྲི་གུང་༸སྐྱབས་མགོན་ཆེ་ཚང་གི་གསུང་། «སྒོམ་དང་སྒོམ་ཚུལ།»

༄༅།       །སྒོམ་ཞེས་པའི་གོ་དོན་ནི། སེམས་མ་ཡེངས་པར་བྱས་ཏེ། རིག་པ་བསྒྲིམས་པའི་དོན་ཡིན། འོ་ན་རིག་པ་ཇི་ལྟར་བསྒྲིམ་ན། དཔེར་ན་ཁྱེད་ཀྱིས་མདུན་དུ་མེ་ཏོག་ཅིག་ལ་བལྟས་ཏེ། བསམ་བློ་གཞན་མ་བཏང་བར་བྱེད་པ་ལྟ་བུ་ཞིག་རེད། གལ་ཏེ་མེ་ཏོག་དེ་རྒྱ་སེ་མེ་ཏོག་ཅིག་ཡིན་པར་ངོས་བཟུང་ན། ཁྱེད་ཀྱིས་སྣང་བ་དེ་འཛིན་པར་བྱས་པས་རྣམ་རྟོག་རེད། རྒྱ་སེ་དེ་སེར་པོ་རེད་འདུག །ལོ་མ་ལྗང་ཁུ་རེད་འདུག་བསམ་ན། རྣམ་རྟོག་དེ་མཆེད་པའམ། འཕེལ་བ་རེད། དེ་སྒོམ་མ་རེད། དེར་གསུང་རབ་ནང་། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །གསུངས་པ་དེ་རེད།

བུད་མེད་རིགས་མགོན་ཁང་དུ་འཛུལ་རུང་མི་རུང་བའི་སྐོར་བརྩམས་ཆོས་གཉིས།

བུད་མེད་ཚོ་མགོན་ཁང་དུ་འཛུལ་མི་རུང་བའི་རྒྱུ་མཚན་བཤད་པ།

རྩོམ་པ་པོ། ཨཱཙརྱ་གུ་ཎ་དེ་བ།


༈ བུད་མེད་ཚོ་མགོན་ཁང་དུ་འཛུལ་མི་རུང་བའི་རྒྱུ་མཚན་རྣམ་པ་གསུམ་གྱི་སྒོ་ནས་འཆད་ན། དེ་ཡང་དང་བོ་སངས་རྒྱས་ཀུན་གྱི་མཐུ་སྟོབས་ནུས་པའི་བདག་ཉིད། རྒྱལ་བསྟན་སྒྲུབ་བརྒྱུད་སྙིང་བོ་དཔལ་ལྡན་ཆོས་སྐྱོང་བའི་སྲུང་མ་རྣམས། སྤྱིར་ཞི་རྒྱས་དབང་དྲག་གི་ལས་བཞི་འགྲུབ་པའི་འཕྲིན་ལས་ཀྱི་ནུས་མཐུ་ཆེ་ཞིང་།  བསམ་གྱིས་མི་ཁྱབ་པ་ཡིན་པའི་ཁར།  ལྷག་པར་བསྟན་པ་སྤྱི་ལ་གནོད་པའི་དགྲ་བགེགས་རུ་ཏྲ་བསྒྲལ་བའི་དྲག་པོ་མངོན་སྤྱོད་ཀྱི་ལས་ལ། འཕྲིན་ལས་ཡིད་ལྟར་མགྱོགས་པ། མདའ་ལྟར་རྒྱུག་པ། གློག་ལྟར་མྱུར་བ། མེ་ལྟར་ཚ་བ། ཐོག་ལྟར་འབབ་པ། རི་ལྟར་ལྕི་བ་ཡོད་པས། བསྟན་སྲིད་ལ་གནོད་པའི་དགྲ་བགེགས་གང་རུང་ཞིག་ཆོས་སྐྱོང་གི་གནས་ཁང་དུ་བསླེབ་ན་སྲོག་རྩ་ལོས་གཅད། དཔེར་ན་བསྟན་པའི་རུ་ཏྲ་ཞིག་མ་ཡི་མངལ་ན་ཡོད་པའི་སྐབས་ཡིན་ན་ཡང་། གལ་སྲིད་མ་དེ་མགོན་ཁང་དུ་འཛུལ་ཞིང་བཞུགས་ན་བསྟན་པའི་རུ་ཏྲའི་སྐྱེ་བ་མངལ་ན་ཡོད་པའི་བུ་འདིའི་སྲོག་ལེན་པ་དང་། ཡང་ཕྱིས་སུ་མ་རུང་བའི་བུ་བཙའ་རྒྱུ་ཡིན་པར་དུས་གསུམ་མཁྱེན་པའི་ཡེ་ཤེས་སྤྱན་དང་མངོན་ཤེས་ཀྱིས་གཟིགས་ན་བུ་སྣོད་ཀྱི་མངལ་ཡང་སྐམ་པར་གཏང་བར་མ་ཟད། མའི་ཚེ་སྲོག་ལ་ཡང་གནོད་པ་ཡོད་པའི་རྒྱུ་མཚན་སོགས་ལ་བརྟེན་ནས་བུད་མེད་མགོན་ཁང་དུ་འཛུལ་མི་རུང་བ་དང་། 

Saturday, 15 August 2020

ཤེས་རབ་དང་རྨོངས་དད་གཉིས།

རྩོམ་པ་པོ། རྨེ་གྲྭ་ཚེ་རིང་བསམ་གྲུབ།

རྒྱུ་མཚན་ཤེས་ནས་དད་པ་དང་ཅི་ཡང་མ་ཤེས་པར་མགོ་རྨོངས་ནས་དད་གུས་བྱེད་པ་གཉིས་ནི། ནོར་འཁྲུལ་འབྱུང་སྐྱེན་པ་ཞིག་ཡིན། རྨོངས་དད་ནི་གདོད་མའི་དུས་རབས་ནས་བྱུང་བའི་མིའི་འཇིགས་པ་སོགས་བསྐྱབ་པར་རེ་བའི་བསམ་བློ་ཞིག་སྟེ། མིས་བསྒྲུབ་མི་ཐུབ་པའི་བྱ་བ་དང་ཡང་ན་འཇིགས་པ་སོགས་ལྷ་ལ་སྐྱབས་འཚོལ་བའི་ལུགས་སྲོལ་ཞིག་སྟེ། གདོད་མའི་དུས་སྐབས་སུ་མི་རྣམས་ལ་དགྲ་ཇག་ཆོམ་རྐུན་གྱི་འཇིགས་པས་གཙེས་དྲགས་པས་འཇིགས་པ་དེ་ལས་བསྐྱབ་པའི་ཐབས་ལམ་གཞན་མ་རྙེད་པར། ལྗོན་ཤིང་དང་རི་བྲག་ཆུ་ཤིང་སོགས་ལ་ལྷ་ཡིན་པའམ་ཡོད་པར་རེ་ནས་འཇིགས་པ་ལས་བསྐྱབ་ཕྱིར་དུ་རྒྱུ་མཚན་ཅི་ཡང་མ་རྙེད་རུང་དེ་ལ་དད་པ་དང་། མཆོད་གསོལ་དང་སྐྱབས་འཚོལ་བར་བྱས་པ་ནི་མིའི་རིགས་ཀྱི་རྨོངས་དད་ལམ་ལུགས་ཀྱི་ཐོག་མ་ཡིན། 

ལེགས་གྲུབ་ཀྱི་ལམ་ཐོག་ཏུ་འཁྱེར་དགོས་པའི་རྒྱགས་ཕྱེ།

«ལེགས་གྲུབ་ཀྱི་ལམ།»ལས་བཏུས།

༡ རྒྱུན་འཁྱོངས་ཀྱི་སྙིང་རུས།

རྒྱུན་འཁྱོངས་མེད་ན། ཕུགས་བསམ་ཟེར་ཡང་གཉིད་ལམ་རེད་ལ། སྡུག་རུས་མེད་ན། ལེགས་གྲུབ་ཟེར་ཡང་འཁྲུལ་ལབ་རེད། བྱ་བ་ཅི་ཞིག་འགོ་བརྩམས་རུང་། ངེས་པར་དུ་བརྒྱུད་རིམ་ཞིག་འགྲོ་དགོས་ལ། བརྒྱུད་རིམ་དེའི་ནང་དུ་ཁྱེད་རང་ཡིད་མཆི་མས་བརླན་པའི་དུས་དང་། ལུས་ངལ་བས་མནར་བའི་སྐབས་ཤིན་ཏུ་མང་པོ་ཞིག་འཕྲད་ངེས་རེད། ཡིན་ཀྱང་རྒྱུན་འཁྱོངས་ནི་ལེགས་གྲུབ་ཀྱི་འཕར་རྩ་ཡིན་པས། དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་ཕུགས་བསམ་རྒྱུན་འཁྱོངས་གནང་དགོས།

Wednesday, 12 August 2020

རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་སྒོ་ནས་བཀྲ་ཤིས་སྤེལ་བའི་སྨོན་ཚིག

མཛད་པ་པོ། དོལ་པོ་བླ་མ་ཤཱཀྱ་རིན་པོ་ཆེ།


༄༅།      །རྙིང་མའི་ཐུན་མོང་མ་ཡིན་པ་གཞན་དུ་གྲགས་མ་མྱོང་བའི་རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་སྒོ་ནས་བཀྲ་ཤིས་སྤེལ་ཚིག་ནི།      དེ་ཡང་དོལ་པོ་ཤཱཀྱར་འབོད་པའི་བླ་དྭགས་མིང་ཅན་ནས་ཐོག་མར་ཡེ་གཞི་གདོད་མའི་གཤིས་ཀློང་ནས་རང་བྱུང་རང་ཤར་ཆེན་པོའི་རང་ངོའི་འདུག་ཚུགས་མ་ཤོར་བའི་ངང་ནས།    གུ་རུ་པདྨའི་སྐུ་འཁྲུངས་ཚེས་བཟང་པོ་སྤྲེལ་ཟླའི་ཚེས་བཅུ་ཆེན་མོ་ལ་ལེགས་སྐྱེས་ཀྱི་ཚུལ་དུ་བདེ་ལེགས་ཞུ་ཚིག་རྫོགས་པ་ཆེན་པོའི་སྤྲུལ་སྐུ་སྟོན་པ་བཅུ་གཉིས་ཀྱི་མཚན་དོན་དང་སྦྱར་ནས་དེ་རིང་གི་ཚེས་བཅུ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་ནི།