རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Monday, 27 September 2021

སླར་ཡང་དྲན།

མཁན་ཆེན་འཆི་མེད་རིག་འཛིན། སེར་རྟ་བླ་རུང་།

མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས། (༡༩༣༣-༢༠༠༤)

རྒྱང་རིང་མི་ཚེའི་ལམ་ལ་ཕྱིར་ལྟས་བྱས་ན།།
  འལ་འོལ་གཟུགས་བརྙན་མང་པོ་འཆར་རྒྱུ་འདུག་སྟེ།།
  ནམ་ཡང་བརྗེད་དུ་མེད་པ་འདྲེན་མཆོག་བླ་མའི།།
  དགྱེས་ཞལ་ཟླ་བ་དཀར་པོ་སླར་ཡང་དྲན་འདུག།

  ལ་རྩེ་གན་ན་ལྕགས་སྐུད་ཟངས་སྐུད་མེད་དུས།།
  རི་འདབས་འདི་ན་ལམ་གྱི་རྨ་ཁ་མེད་དུས།།
  མཐོ་སྒང་གངས་དཀར་རི་རྒྱུད་ས་གཙང་ཡིན་དུས།།
  ང་ཚོའི་མི་རབས་འདི་ཡི་ཡན་ཞིག་ཡིན་འདུག།

  ནམ་ལངས་དུ་བ་སྔོན་མོ་རི་ལ་བཏང་ཞིང་།།
  ཕྱུགས་ནག་ནོར་གྱི་གཟས་ཁ་ཐང་ལ་བསྐོར་བའི།།
  ཝ་ཤུལ་གསེར་ཐ་ཞེས་པའི་ལྷ་སྡེ་གཙང་མ།།
  མདོ་ཁམས་གསེར་ཆུ་རིང་མོའི་རྒྱུད་ན་ཆགས་འདུག།

  གནུབས་བཟའ་གཡུ་མཚོ་ཟེར་བའི་མོ་གཞོན་ཞིག་གིས།།
  མཛའ་མཐུན་ལས་ཀྱིས་བསྐོས་པའི་ཟུར་མིག་འཕེན་ས།།
  ལྕགས་ཁུང་པད་དེ་ཟེར་བའི་བུ་ལ་བབས་པས།།
  སྦྲ་ཆུང་གྲུ་བཞི་ཞིག་གི་གཞིས་ཁྱིམ་ཕུབ་འདུག།

  སྒོ་ཁའི་ལྷས་ན་འཚོ་རྒྱུའི་ནོར་ནག་ཉུང་ཞིང་།།
  ཁྱིམ་གྱི་ཕུག་ན་བསགས་པའི་དོ་རྩིག་ཆུང་བས།།
  ཐལ་སྐྱ་ཁྱིམ་ལ་ཆགས་པའི་རེ་སྦྲ་རྙིད་པོ།།
  གཏེར་ཆེན་ལས་རབ་གླིང་པ་འཁྲུངས་ས་ཡིན་འདུག།

  སྦྲ་འདབས་ཆོན་ཐག་ནང་ན་གོག་ནས་འགྲོ་ཞིང་།།
  སྦྲ་སྒོའི་ལྷས་ནག་ནང་ན་གཅེར་བུར་རྒྱུག་པའི།།
  ཁ་ཆུའི་བ་ཐག་འཐེན་པའི་བྱིས་པ་ནག་སྡེར།།
  པདྨའི་ཕོ་ཉ་ཞིག་གི་མིང་སྲིང་ཡིན་འདུག།

  གནུབས་རིགས་གཡུ་ཡི་མཚོ་མོའི་བྲང་ལ་སྦྱར་ནས།།
  ཞིམ་མངར་ནུ་ཞོའི་དྭངས་མ་ཧུབ་ཀྱིས་འཇིབ་བཞིན།།
  སྤྱན་མིག་མཁའ་ལ་ཅེར་བའི་ལྷ་ཡི་བུ་ཆུང་།།
  རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྤྲུལ་བ་ཡིན་འདུག།

  གོས་ཐུང་ལྭ་བའི་གོང་ཁ་ཕྱིར་ལ་ལོག་ཅིང་།།
  ཁམ་སེར་སྐྲ་ཡི་འདབ་མ་རླུང་གིས་སྐྱོད་བཞིན།།
  ཁྱེད་ཅག་མིང་སྲིང་བཞི་ཡི་རྩེ་རྡོ་བསྒྲིག་ས།།
  རྡོ་ཤོད་རྫུ་མའི་ལྷས་འདབས་ཆུང་ཆུང་ཡིན་འདུག།

  མེ་ཏོག་ཐང་ལ་བརྒྱུགས་ན་བང་རྩལ་མྱུར་ཞིང་།།
  ཁ་མཚར་རྩེད་མོ་གླེང་ན་ངག་སྒོ་ཡངས་བ།།
  པྲ་ཚག་ཇོ་རུ་ལྟ་བུའི་ངོ་མཚར་ཁྱེའུ་ཆུང་།། 
  ལས་ཀྱི་མེ་ཏོག་ཕོག་པའི་གཙུག་རྒྱན་ཡིན་འདུག།

  ཕ་ཁྱིམ་མགོ་སྦྲ་སེར་བོ་ཁ་མདོག་ངན་ཞིང་།།
  གོས་ཐུང་ཕྲག་པའི་ངོས་ན་ཚེམ་དྲུབ་མང་བས།།
  ཕྱུག་པོའི་བུ་ཆུང་འགའ་རེས་མཐོང་ཆུང་བྱས་ཀྱང་།།
  ཀུན་མཁྱེན་མི་ཕམ་རྒྱ་མཚོས་དབུགས་དབྱུང་ཡོད་འདུག།

  ཕ་ཡུལ་གསེར་རྟའི་རི་ལྗོངས་རྒྱབ་ནས་བཞག་ཅིང་།།
  རྫ་སྟོད་སྤྲིན་པ་དཀར་པོ་མིག་གིས་འཚོས་ནས།།
  ཁུར་ཤིང་རྒྱབ་ཏུ་བཅིངས་ཏེ་གོམ་པའི་འགྲོས་ཀྱིས།།
  མདོ་ཁམས་རི་ཆུ་གཤག་དུས་ན་ཚོད་གཞོན་འདུག།

  ལྕང་མ་ཐར་ཐོར་སྐྱེས་པའི་རི་སུལ་ཞིག་ནས།།
  ཁང་བའི་ཐོག་ཁེབས་མེད་པའི་ཆོས་གྲྭ་ཞིག་ནས།།
  ཁོང་དང་ཁྱེད་གཉིས་ཐོག་མའི་ཞལ་རས་མཇལ་བ།།
  ངོ་མཚར་ལོ་རྒྱུས་ཤིག་གི་དབུ་ཁྱུད་ཡིན་འདུག།

  ཆོག་ཤེས་སློང་མོའི་ཟས་ཀྱི་འཚོ་བ་བརྟེན་ཞིང་།།
  པགས་རྩག་ཧྲལ་བོ་གཅིག་གིས་དབྱར་དགུན་བསྐྱལ་ནས།།
  ལས་ཀྱི་མེ་ཏོག་བབས་པའི་བླ་མ་ཞིག་དང་།།
  ཐུགས་ཡིད་འོ་ཆུ་དཀར་པོ་མཉམ་དུ་འདྲེས་འདུག།

  གཞོན་པའི་ལང་ཚོ་དར་བས་རྩེད་མོར་དགའ་ཞིང་།།
  རྣམ་དཔྱོད་རིགས་ལམ་མྱུར་བས་རྩོད་ལ་སྤྲོ་བ།།
  འགྲོ་འདུག་སྤྱོད་ལམ་ཀུན་ཏུ་ཉམས་གླུ་ལེན་པའི།།
  གུ་ཡངས་སྣང་བ་སྤྲོ་བའི་གཤིས་ཤིག་བཞུགས་འདུག།

  གངས་ལྗོངས་ལྷ་ཡི་སྐྱེད་ཚལ་སད་ཀྱིས་བཅོམ་དུས།།
  གསེར་ཤོད་རི་བོའི་རྩེ་ནས་ར་རྫིའི་ཚུལ་གྱིས།།
  ཉམ་ཐག་དུད་འགྲོའི་རྣ་བར་ཆོས་སྒྲ་བསྒྲགས་པས།།
  ར་མ་ནག་པོ་རེས་ཀྱང་ཐར་ལམ་ཟིན་འདུག།

 གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་དེ་ནས།།
 ཡང་དར་བསྟན་པའི་མེ་སྟག་སླར་ཡང་གསོས་ཏེ།།
 སྙན་གྲགས་དབྱར་གྱི་རྔ་སྒྲ་དགུན་ཡང་གྲག་ཅིང་།།
 འཕྲིན་ལས་རྒྱ་མཚོའི་རླབས་ཀྱིས་ས་ཆེན་བསྒུལ་འདུག།

  སྐྱབས་མེད་ཉམ་ཐག་འགྲོ་བའི་སྡུག་བསྔལ་གླེང་ན།།
  བརྩེ་ཆེན་ཐུགས་རྗེའི་གཟིགས་པ་སྤྲིན་བཞིན་གཡོ་ཞིང་།།
  སྟོན་མཆོག་ཐུགས་རྗེ་ཅན་གྱི་སྐྱེས་རབས་གསུངས་ན།།
  རྗེས་དྲན་དད་པའི་སྤྱན་ཆབ་ཆར་བཞིན་འཐོར་འདུག།

  མཁན་ཆེན་ཐུབ་བསྟན་ཆོས་འཕེལ་ཐུགས་ཀྱིས་དྲན་ན།།
  ཐ་མལ་སྣང་ཤེས་འགགས་པའི་གཤིས་ཤིག་བཞུགས་ཤིང་།།
  ཀུན་མཁྱེན་མི་ཕམ་རྒྱ་མཚོའི་མཚན་ནས་བརྗོད་ན།།
  དྭ་ཕྲུག་ཕ་མ་དྲན་འདྲའི་ཉམས་ཤིག་ཡོད་འདུག།

  ཁྲ་མོ་གླིང་དཀར་སྟོད་ཀྱི་ས་ཆ་དེ་ལ།།
  ཕ་ས་ཕ་ཡུལ་ཞིག་གི་ཐུགས་རྩེ་གཏད་ཅིང་།།
  ཚ་ཞང་འདན་མ་བྱང་ཁྲའི་སྐུ་མཁར་རིང་མོར།།
  ཕ་ཁྱིམ་དྲོན་མོ་ཞིག་གི་ཐུགས་འདང་འཇོག་འདུག།

  སྔོ་ལོའི་ནེའུ་ཆུང་ལུ་གུའི་ཚར་ཡག་དེ་ལ།།
  ལྷད་མེད་གསེར་དང་འདྲ་བའི་དུང་བ་ཆེ་ཞིང་།།
  འདན་མའི་སྲས་ཆུང་གཡུ་འོད་འབུམ་མེ་ཟེར་བ།།
  དོན་ལ་ང་རང་ཡིན་ཞེས་ཡང་ཡང་གསུང་འདུག།

  བྱོན་བཞུགས་བྱ་བའི་རིགས་ལ་ཐུགས་ཐག་ཐུང་ཞིང་།།
  གལ་ཆེན་གནད་ཀྱི་དོན་ལ་མཁྱེན་རྒྱ་ཡངས་པ།།
  པྲ་བྱེའུ་ཧ་པ་སོགས་ལ་གཏིང་ནས་བརྩེ་ཞིང་།།
  ཀི་བསྭོ་གླུ་བྲོ་གར་ལ་ཐུགས་སྣང་སྤྲོ་འདུག།

  ལུགས་གཉིས་གསུང་གླེང་གནང་ན་ངག་སྒོ་ཡངས་ཤིང་།།
  མཐོན་པོའི་ཁྲི་ལ་བཞུགས་ན་སྐུ་བརྗིད་ཆེ་བ།།
  ནམ་རྒྱུན་འཕྲེད་ལ་གཟིམས་ནས་ཐུགས་དམ་སྐྱོང་བའི།།
  བཅོས་མིན་ཤུགས་འབྱུང་སྤྱོད་པ་མིག་ལ་འཆར་འདུག།

  ཐག་རིང་རྒྱང་ནས་ཕེབས་དུས་ཕ་འབབ་གནང་ཞིང་།།
  གཅེས་པའི་བུ་ཆུང་གསུངས་ནས་བརྩེ་བས་གཟིགས་ཏེ།།
  ལུགས་གཉིས་གདམས་པས་ཕ་ཡིས་བུ་བཞིན་བསྐྱངས་བའི།།
  སྐུ་དྲིན་འཁོར་ཐབས་མེད་པའི་རྗེ་དེ་དྲན་འདུག།

  ལྷ་དང་སངས་རྒྱས་ཟེར་བའི་སྐྱབས་ཤིག་ཡོད་དེ།།
  ང་ལ་ལྟོས་ན་ཐག་རིང་ཐག་རིང་ཞིག་རེད།།
  དག་པའི་ཞིང་ན་བཞུགས་ཀྱང་དྲིན་ཅན་བླ་མ།།
  དད་འདུན་སེམས་ཀྱི་ནང་ན་ཁ་ཐག་ཉེ་འདུག།

  ཁྱེད་ལ་ང་ལས་ལྷག་པའི་སློབ་མ་མང་ཡང་།།
  ང་ལ་ཁྱེད་ལས་ལྷག་པའི་སྐྱབས་གཞན་མི་འདུག།   
  ཡོད་ཚད་རེ་བའི་འདུན་མ་གཅིག་ལ་དྲིལ་ན།།
  འདོད་རྒུའི་དངོས་གྲུབ་སྩོལ་ཅིག་ཡིད་བཞིན་ནོར་བུ།།

ཞེས་པ་འདི་བཀའ་དྲིན་ཅན་ཀྱི་རྗེ་བཙུན་བླ་མ་དམ་པ་གང་གི་སྐུའི་རྣམ་པ་གསུང་གི་ཉམས་འགྱུར་སོགས། མཐུན་སྣང་འགྲོ་བའི་ངོར་ཇི་ལྟར་སྣང་བའི་རྣམ་ཐར་རྗེས་སུ་དྲན་པའི་གསལ་འདེབས་སུ། མདོ་རྡོ་རྗེ་བྲག་ཏུ་འཆི་མེད་རིག་འཛིན་གྱིས་སྨྲས་པ་བཞིན། གྲྭ་ཆུང་བསྟན་འཛིན་མི་ཕམ་གྱིས་ཡི་གེར་ཕབ་པ་དགེ །༢༠༢༡།༠༩།༢༤།

༸སྐྱབས་རྗེ་མཁན་ཆེན་དམ་པ་མཆོག་དང་། མཁན་ཆེན་འཆི་མེད་རིག་འཛིན་མཆོག

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།