རྩོམ་པ་པོ། བཞག་སྲས།
འབུམ་ལྷ་སྲས་བོད་ཡིག་འཕྲིན་སྟེགས་ལས་བཤུས།
“དཔེ་ཆ་ནི་མིའི་རིགས་ཡར་རྒྱས་ཀྱི་ཐེམ་སྐས་ཡིན།”
འཚོ་བའི་ནང་དུ་དཔེ་ཆ་མེད་ན། ས་ཆེན་པོར་ཉི་འོད་མེད་པ་དང་འདྲ་ཞིང་།
བྱེའུ་ཆུང་ཞིག་ལ་གཤོག་ཟུང་མེད་པ་དང་མཚུངས། དཔེ་དེབ་བཟང་པོ་དེ་བཤེས་གཉེན་དམ་པ་ཡིན།
ཁོས་ང་ཚོའི་ཤེས་རིག་འཕེལ་རྒྱས་དང་གོ་རྟོགས་ཇེ་ཟབ་ཏུ་གཏོང་བ་མ་ཟད།
ང་ཚོ་ལ་རྣམ་ཤེས་གསར་བ་ཞིག་བཞེངས་སྐྲུན་བྱེད།
དཔེ་ཆ་ཀློག་སྐབས་ཟིན་བྲིས་འདེབས་རྒྱུ་བརྗེད་མི་རུང་།
ཟིན་བྲིས་འདེབས་པ་དེ་དཔེ་ཀློག་གི་ཐབས་ཤེས་གལ་ཆེན་ཞིག་ཡིན་ལ།
དཔེ་ཀློག་སྐབས་སུ་མེད་མི་རུང་བའི་ཆ་ཤས་ཞིག་ཀྱང་ཡིན།
སློབ་གཉེར་པ་ཞིག་ལ་མཚོན་ན།
ཟིན་བྲིས་འདེབས་པ་དེ་དཔེ་ཀློག་ལ་དགོས་ངེས་ཀྱི་གོ་རིམ་ཞིག་ཡིན་ཏེ།
དཔེ་ཀློག་སྐབས་སུ། མིང་ཚིག་དང་སྦྱོར་བ་ལེགས་པར་འཕྲད་ཚེ་འཕྲལ་དུ་བཤུ་འབྲི་བྱེད་ཅིང་།
སྐབས་དེའི་སེམས་ཀྱི་འགྱུར་བ་ཅི་ཡོད་ཟིན་བྲིས་སུ་བཏབ་ན།
བག་ཆགས་ཟབ་མོ་འཇོག་ཐུབ་པ་དང་། ཤེས་རིག་གསོག་འཇོག་བྱ་བར་སྨན་པ་མ་ཟད།
རྗེས་ཆར་དཔྱད་གཞི་སྟབས་བདེ་རུ་གྱུར་ཏེ།
གསར་རྩོམ་སློབ་གཉེར་ལ་རྨང་གཞི་བརྟན་པོ་འདིང་ངོ་།། གནའ་བོའི་དཔེ་ཀློག་པ་རྣམས་ལ་ཟིན་བྲིས་མང་དུ་འདེབས་པའི་གོམས་སྲོལ་ཡོད་ཅིང་།
རིག་གནས་ཡོན་ཏན་ཀྱང་ནམ་རྒྱུན་ཟིན་བྲིས་ཀྱི་ཀློང་ནས་རྙེད་དོ།།
ལོ་རྒྱུས་སྨྲ་བ་སྐུ་ཞབས་གོའུ་ཅེས་གུང་(顾颉刚)ལགས་ཀྱིས་ཚེ་གང་བོར་སློབ་གཉེར་གནང་ཞིང་དཔེ་ཀློག་མཛད།
ཟིན་བྲིས་བཏབ་པའི་དེབ་གྲངས་བརྒྱ་ལ་ཉེ་ཞིང་། སྐད་ཆ་ཁྲི་ཕྲག་བཞི་ལྔ་ཡོད།
ཁོང་གིས་གནའ་རྒྱུས་ཞིབ་འཇུག་གནང་པར་ཁུངས་རྟེན་ས་འབོར་ཆེན་དགོས་ཤིང་།
ཟིན་བྲིས་འདེབས་པ་དེ་ཁོའི་སློབ་གཉེར་ཞིབ་འཇུག་དང་དཔེ་ཆ་རྩོམ་པའི་རྨང་གཞི་རུ་གྱུར།
“ཟིན་བྲིས་ཇི་ལྟར་མང་ན། གསར་རྩོམ་གྱི་རྨང་གཞིར་འདྲེས་ཏེ།
གསར་རྩོམ་ལེགས་འགྲུབ་འབྱུང་པ་དང་། གསར་རྩོམ་ཇི་ལྟར་མང་ན།
ལེགས་རྩོམ་གྱི་རྨང་གཞིར་འདྲེས་ཏེ། ལེགས་རྩོམ་རྒུད་དུ་མེད་པ་འབྱུང་།”
མཁས་པ་མིང་གྲགས་ཅན་ཆེན་ཀྲུང་སོའུ་(钱钟书)ཡང་དཔེ་ཀློག་སྐབས་སུ་ཟིན་བྲིས་འདེབས་པར་ཧ་ཅང་དགའ་མཁན་ཞིག་སྟེ།
དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུ་ནས་དགུ་བཅུ་བར་རྒྱུན་སྐྱོང་གནང་པའི་ཟིན་དེབ་ཉིས་བརྒྱ་ལྷག་ཏུ་བུད་ཅིང་།
ཤོག་ངོ་སུམ་ཁྲི་ལྔ་སྟོང་ཡོད། ཟིན་བྲིས་དེ་དག་གྲངས་ཀྱིས་ངོ་མཚར་བ་ཙམ་མ་ཟད།
ནང་དོན་གྱི་ཆ་ནས་ཀྱང་རྒྱ་ཆེ་ཞིང་ཕུན་སུམ་ཚོགས་པ་སྟེ།
གཏིང་ཟབ་པའི་གསུང་རབ་སྙན་རྩོམ་སྐོར་ནས། གོ་གསལ་བའི་གཏམ་རྒྱུད་སྒྲུང་རྩོམ་སྐོར་དང་།
དམངས་ཁྲོད་ཡུལ་སྐད་ཀྱི་རིགས་བཅས། གནའ་ནས་ད་བར་གྱི་རིག་གཞུང་རྣམས་འདུས་ཡོད།
ཟིན་བྲིས་དེ་དག་སྔ་ཕྱི་དཔྱད་གཞི་དང་། ཕན་ཚུན་ཁུངས་འཛུགས།
མཉམ་སྡེབ་མཐུན་སྦྱོར་གྱིས། དཔེར་ན། «管锥编»ལྟ་བུ་བརྗོད་དོན་ཚར་དུ་དངར་ཞིང་།
འཛམ་གླིང་ཤར་ནུབ་བར་དུ་གོམས་འདྲིས་འདྲེན་པའི་བསྟན་བཅོས་ཕུན་སུམ་ཚོགས་པ་བརྩམས་གྲུབ་པ་རེད།
སྔོན་ཆད་པེ་ཅིང་སློབ་ཆེན་གྱི་སློབ་གཙོ་གནང་མྱོང་པ་ཚེ་ཡན་ཕེ་(蔡元培)ལགས་ཀྱིས། ཚེ་མཇུག་ཏུ་ཕྱོགས་སྡོམ་འདི་འདྲ་ཞིག་གནང་སྟེ།
ཁོས་མི་ལོ་མང་པོར་དཔེ་ཀློག་བྱས་ཀྱང”གྲུབ་འབྲས་ཅི་ཡང་མ་རྙེད།
”དེའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི”ཟིན་བྲིས་འདེབས་མ་ཐུབ་པ་དེ་རེད།
ཁོང་གིས་བཤད་རྒྱུར་དཔེ་ཀློག་སྐབས་ཁོ་རང་གི་བསམ་པར་”མཁོ་གལ་ཆེ་བའམ་ཡིད་དུ་འོངས་པའི་རྒྱུ་ཆ་”དག་ལ་ཆེད་ནན་བྱས་ཀྱང་།
“མིག་ལམ་དུ་ཤར་མར་རྒྱུ་བ་བ་ལས། དེ་དག་སྤར་བཤུ་བྱེད་ལོང་མ་རྙེད་”སྟབས། དགོས་མཁོ་བྱུང་སྐབས”ཕལ་ཆེ་བ་ལས་སླ་མོར་རྙེད་ཀྱི་མི་འདུག”
དངོས་གནས། ཟིན་བྲིས་འདེབས་པ་དེ་མཁས་པ་སློབ་གཉེར་བའི་གལ་ཆེན་གོ་རིམ་ཞིག་ཡིན་པ་མ་ཟད།
ཀློག་པ་པོ་ཕལ་བ་ཞིག་ལ་མཚོན་ནས་བཤད་ནའང་།
ལག་ལེན་བྱ་རིན་ཡོད་པའི་དཔེ་ཀློག་གི་ཐབས་ཤེས་ཤིག་ཡིན།
དཔེ་ཀློག་བྱེད་པ་མཐོང་རྒྱ་སྐྱེད་ཆེད་དམ་གཤིས་རྒྱུད་སྦྱོང་བྱེད།
ཡང་ན་སྐྱོ་བསང་རོལ་རྩེད་ཀྱི་ཕྱིར་དུ་གང་ཡིན་རུང་། དགའ་མོས་ཡོད་ས་དང་།
བློ་སྐྱེད་འཕེལ་བྱེད།
སེམས་འགུལ་ཐེབས་པའི་ཡིག་འབྲི་དག་ལ་འཕྲད་དུས་འཕྲལ་མར་ཟིན་བྲིས་འདེབས་དགོས།
ཡིག་འབྲི་དེ་དག་ང་ཚོའི་སེམས་ཁམས་སུ་བག་ཆགས་ཇེ་ཟབ་གཏོང་དགོས།
དུས་ཡུན་རིང་པོ་འགོར་རྗེས། ཟིན་བྲིས་དེ་དག་ང་ཚོའི་ཉིན་རྒྱུན་དཔེ་ཀློག་ཁྲོད་སྙིང་བཅུད་ཀྱི་བསགས་ནོར་ཡིན།
ཟིན་བྲིས་དེ་དག་ང་ཚོའི་ཤེས་རིག་འཕེལ་རྒྱས་དང་།
བསམ་བློ་ནར་སྐྱེད་ཀྱི་རེག་ཟིག་ཡིན་ལ།
ཆེས་རྩ་ཆེ་བའི་དྲན་རྟེན་ཞིག་ཀྱང་ཡིན་ནོ།།
ཟིན་བྲིས་འདེབས་པ་ཧ་ཅང་གལ་ཆེ་མོད།
ནམ་རྒྱུན་ཟིན་བྲིས་དག་ལ་བསྐྱར་ཀློག་བྱེད་པ་དེ་བས་ཀྱང་གལ་ཆེ་སྟེ། སྤྱིར་བཏང”ཡིད་འཛིན་ཇི་ལྟར་བཟང་ཡང་སྙུ་གུ་ངན་པ་ཅིག་ལ་མི་འགྲན”ཟེར་མོད།
ཟིན་བྲིས་ཁོ་ནར་བཏབ་སྟེ། བསྐྱར་སྦྱོང་རྩ་བ་ནས་མ་བྱེད་ན།
ཟིན་བྲིས་མ་བཏབ་པ་ནང་བཞིན་བརྗེད་ངེས་ཀྱི་དབང་དུ་ཤོར་འགྲོ།
ཟིན་བྲིས་ཀྱི་དོན་རྣམས་ནམ་རྒྱུན་སྦྱངས་ན་དྲན་ཤེས་ཇེ་ཟབ་ཏུ་གཏོང་ཐུབ་ཅིང་། དུས་ཚོད་མང་ཙམ་སྤྱད་ན་གང་དགོས་ཐོལ་བྱུང་དུ་འབྲི་ཐུབ།
དེ་མིན། བསྐྱར་སྦྱོང་ལས་ཐོབ་པའི་རིག་པ་གསར་བས། ཟིན་བྲིས་འདེབས་སྐབས།
སྔ་ཕྱིའི་དོན་རྣམས་ཁྲིགས་ཆགས་སུ་སྡེབ་སྟེ། གནད་དོན་གསར་བ་སྔོག་འདོན་བྱ་ཐུབ།
དུས་རབས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། འཚོ་བ་སྒྲུབ་སྟངས་ཉིན་རེ་ལས་ཉིན་རེ་ཇེ་མགྱོགས་སུ་འགྲོ་བཞིན་ཡོད།
དཔེ་ཀློག་ཁོ་ན་རྒྱུན་ཆད་མི་རུང་། བྲེལ་འཚུབ་ཆེ་མི་རུང་།
དཔེ་ཆ་ཀློག་ཞོར་ཟིན་བྲིས་འདེབས་ཞོར།
ཤོག་བུར་བྲིས་པའམ་ཡང་ན་འཕྲུལ་ཆས་སུ་བཀོད་པ་གང་ཡང་།
དཔེ་ཆའི་དོན་རྣམས་ང་ཚོའི་སེམས་སུ་སྡུད་པར་བྱ་ཞིང་། ང་ཚོའི་ཡིད་དུ་འཇགས་པར་བྱའོ།།
དཔེ་ཀློག་སྐབས་སུ་བསམ་བློ་བཏང་ཞིང་གང་མཁོ་བཤུས་ན།
ཟིན་བྲིས་དེ་དག་རྩ་བ་ཆེ་ཞིང་རིན་ཐང་མཐོ་བའི་ང་ཚོའི་མི་ཚེ་ཡི་ནོར་མཆོག་ཏུ་འགྱུར་ངེས་སོ།།
“ཤེས་རིག་ནི་སྟོབས་ཤུགས་ཡིན་”ཡང་སྤྱི་ཟླ་ 4 པའི་སྤྱི་ཚེས་ 23 ཉེར་གསུམ་སྟེ་”འཛམ་གླིང་དཔེ་ཀློག་ཉིན་མོ་”སླེབས་བྱུང་། ཁྱོད་ཀྱིས་དཔེ་ཆ་ཀློག་གི་ཡོད་དམ།
དཔེ་ཆ་ཀློག་སྐབས་ཟིན་བྲིས་འདེབས་ཀྱི་ཡོད་དམ།
2018ལོའི་འཛམ་གླིང་དཔེ་ཀློག་ཉིན་བཏུ་སྒྱུར་བྱས་པའོ།།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།