གངས་སེང་དཀར་མོ།
འོད་ཀྱི་ཟེགས་མ་འབབ་པའི་དུང་གི་དལ།།
ལྷ་བུ་གཟི་མདངས་ཅན་པོ་ཉི་ཟླའི་མདོག།
དཔུང་ཤ་གཟན་གྱིས་བཏུམ་ཡང་མ་ཐིམ་པའི།།
དགུང་ན་དགྲ་བླའི་དར་འཕྲུ་གཡོ་བའི་འཕྲུལ།།
སྐུ་བསོད་དབང་ཐང་ཅན་པོ་ཐུགས་བརྩེའི་གཏེར།།
མཚུངས་མེད་བླ་མའི་བྱིན་རླབས་ཉེར་འདྲོང་བའི།།
ཐུགས་གཤིས་བལ་དཀར་ཇི་བཞིན་འཇམ་པ་ཁྱེད།།
གང་འདུལ་ཐབས་ཀྱིས་བཀོད་པ་བསམ་མི་ཁྱབ།།
རྩེ་དགའི་མངའ་བདག་ཅན་པོ་ཀུན་གྱི་གཉེན།།
ཕྱག་ལ་གཡང་ཆགས་གཡང་ལ་བྱིན་ཆགས་པའི།།
མཛད་ཕྲིན་གསེར་རི་ཇི་བཞིན་བརྗིད་པ་ཁྱེད།།
གཉན་གྱི་ཀོ་ལོང་འཁྲུག་པའི་མཐུ་མ་བཏང་།།
སྤྱན་ཆེན་སྒོར་དབྱིབས་ཅན་པོ་ནམ་མཁའི་སྲོག།
ཇི་ལྟར་བཀའ་དང་དམ་ལས་མི་གཡེལ་བའི།།
དམ་ཚིག་རྡོ་རྗེ་ཇི་བཞིན་བརྟན་པ་ཁྱེད།།
པད་མ་དཀར་པོའི་དབུ་རྒྱན་སྤྱི་བོའི་དབྱིག།
མི་སེམས་ཞི་བདེ་ཅན་པོ་དགྱེས་དགུའི་མཛོད།།
མ་བཅོས་རང་བཞིན་དྲང་པོར་བཞུགས་པ་ཡི།།
དགོངས་ཀློང་རྒྱ་མཚོ་ཇི་བཞིན་བརླིང་བ་ཁྱེད།།
༢༠༢༡/༤/༡༡
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-སེང་གེའི་སྒམ་ཚུགས།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།